ཨ་རྒྱ་གཉིས་ཀྱི་དྲ་རྒྱའི་བདེ་འཇགས་སྐོར་གྱི་ཚོགས་འདུ་ཐོག་མ།

ཨ་རི་དང་རྒྱ་ནག་ཕྱོགས་གཉིས་ཀྱི་འབྲེལ་ཡོད་དཔོན་རིགས་ཚོས་ཟླ་འདིའི་ཕྱི་ཚེས་༨ ཉིན་རྒྱལ་ས་ཝ་ཤིང་ཏྲོན་དུ་དྲ་རྒྱའི་བདེ་འཇགས་སྐོར་ཉིན་༤ རིང་གི་ཚོགས་འདུ་འགོ་འཛུགས་གནང་ཡོད་པ་དང་། དེ་ནི་ཨ་རྒྱ་གཉིས་ཀྱི་དྲ་རྒྱའི་བདེ་འཇགས་ལས་དོན་ཚོགས་ཆུང་བཙུགས་པའི་རྗེས་ཀྱི་ཚོགས་འདུ་ཐོག་མ་དེ་ཆགས་ཡོད་པ་རེད།

ཚོགས་འདུ་དེའི་དམིགས་ཡུལ་ནི་ཕྱོགས་གཉིས་ཀྱིས་དོ་སྣང་བྱེད་བཞིན་པའི་གནད་དོན་རྣམས་བརྗོད་པ་དང་དྲ་རྒྱའི་བདེ་འཇགས་སྐོར་མཉམ་འབྲེལ་བྱེད་པའི་ཆེད་དུ་ཡིན་པ་རེད།

ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔོན་རིགས་ཤིག་གིས་ཧྥ་རི་སིའིི་གསར་ལས་ཁང་ལ་འགྲེལ་བརྗོད་བྱས་པ་ལྟར་ན། ཨ་རྒྱ་གཉིས་ཀྱི་དྲ་རྒྱའི་སྐོར་གྱི་ཐོག་མའི་ཚོགས་འདུའི་སྟེང་“ཕྱོགས་སོ་སོའི་དྲ་རྒྱའི་བདེ་འཇགས་སྐོར་གྱི་དཀའ་ངལ་རྣམས་བརྗོད་རྒྱུ་དང་། མ་འོངས་པར་དེའི་ཐོག་མཉམ་འབྲེལ་ལས་འཆར་གཏན་འབེབ་བྱ་རྒྱུ་དེ་རེད་”ཅེས་བརྗོད་འདུག

འབྲེལ་ཡོད་དཔོན་རིགས་དེས་མུ་མཐུད་དུ་བརྗོད་དོན་ལྟར་ན། ཨ་རིས་སྔར་བཞིན་འཐབ་བྱུས་ལྟ་ཚུལ་གྱི་ཐོག་ནས་ཨ་རིར་འཕྲད་བཞིན་པའི་དྲ་རྒྱའི་དཀའ་ངལ་གྱི་ཐོག་ལ་གྲོས་འཆར་འདོན་རྒྱུ་ཡིན་པ་དང་། དེའི་ནང་དུ་རྒྱ་ནག་གིས་དྲ་རྒྱ་བརྒྱུད་ནས་ཨ་རིའི་རིག་གནས་ཀྱི་ཐོན་སྐྱེད་བདག་དབང་རྐུ་ཁྱེར་བྱས་པ་དང་། ཚོང་འབྲེལ་གྱི་གསང་བ་དང་དཔལ་འབྱོར་གྱི་ཁེ་ཕན་ཐོབ་པའི་ཆེད་དུ་ཚོང་ལས་ཀྱི་གསང་བའི་གནས་ཚུལ་རྐུ་ཁྱེར་བྱས་པ་རྣམས་ཚུད་ཡོད་པ་རེད།

ཨ་རིའི་ཕྱོགས་ནས་རྒྱ་ནག་གིས་ཨ་རའི་སྲིད་གཞུང་དང་དམག་ཕྱོགས། དེ་བཞིན་བཟོ་གྲྭ་སོགས་ལ་དྲ་རྒྱའི་གཏོར་རྒོལ་གཏོང་བཞིན་པའི་སྐྱོན་འཛུགས་ཐེངས་མང་བྱས་ཡོད་པ་དང་། ཉེ་ཆར་གསར་ཏུ་ཐོན་པའི་ཞིབ་འཇུག་ལས་གསལ་བ་ལྟར་ན། དེ་ལྟ་བའི་དྲ་རྒྱའི་རྐུ་ཁྱེར་གྱི་བྱ་སྤྱོད་ལ་བརྟེན་ནས་ལོ་ལྟར་ཨ་རིའི་དཔལ་འབྱོར་ལ་ཨ་སྒོར་ས་ཡ་མང་པོའི་གྱོང་གུད་ཐེབས་བཞིན་ཡོད་པ་རེད།

Share this:
༡༡༧ ཀློག་གྲངས།