བསྙེན་རྫོགས་ཀྱི་སྡོམ་པ་ལེན་ཕྱོགས་སྐོར་ལ་དགེ་བཤེས་ལྷ་རམས་པ་ཡང་སྟེང་རིན་པོ་ཆེར་བཅར་འདྲི།

yangtang_rinbochieཕྱི་ཟླ་༧ ཚེས་༥ ཉིན་༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་ཆིབས་བསྒྱུར་གནང་བ་དང་། ཕྱི་ཚེས་༡༢ བར་ས་གནས་སེ་ར་བྱེས་སྨད་གཉིས་དང་རྣམ་གྲོལ་གླིང་བཅས་སུ་མཛད་འཆར་གཙོ་བོ་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་མཁན་གྱི་རིས་མེད་དགེ་འདུན་པ་རྣམས་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་རྒྱུ་ཡིན་པར་བརྟེན། བསྙེན་རྫོགས་མཛད་འཆར་གྱི་འགན་ཁུར་གནང་མཁན་ཡང་སྟེང་རིན་པོ་ཆེ་ལ་བཅར་འདྲི་ཞུས་པ་ཡིན།

དྲི་བ། ད་ཐེངས་སེ་ར་ཆོས་སྒར་དུ་༸གོང་ས་མཆོག་གིས་དགེ་སློང་སྒྲུབ་རྒྱུའི་མཛད་འཆར་སྐོར་ངོ་སྤྲོད་གནང་རོགས།

ལན། སྤྱིར་བཏང་སྐུ་མདུན་གྱིས་དགེ་སློང་སྒྱུབ་རྒྱུའི་མཛད་འཆར་དེ་བཞུགས་སྒར་དྷ་རམ་ས་ལར་དུས་ནས་དུས་སུ་སྒྲུབ་གནང་གི་ཡོད་རེད། དེ་ཡང་དབྱར་ཁའི་ཁ་ཐུག་དང་། ཕྱི་ཟླ་༡༠ དང་། འཆར་ཅན་ལ་དཔྱིད་ཆོས་ཀྱི་གསུང་ཆོས་སྐབས་དགེ་སློང་སྒྲུབ་ཀྱི་ཡོད་རེད། དེ་ནས་ཕྱིས་སུ་སྐུ་མདུན་གྱི་མཛད་འཆར་མང་དུ་སོང་ནས། གདན་ས་ཁག་ལ་དགེ་སློང་སྒྲུབ་རྒྱའི་གོ་སྐབས་དེ་མ་རག་པར། གདན་ས་ཁག་ལ་དགེ་སློང་ཧ་ཅང་མང་པོ་ཞིག་སྒྲུབ་གནང་དགོས་དུས། དེ་ཚོའི་ཆེད་དུ་དུས་ཚོད་དམིགས་བསལ་ཞིག་བཏོན་ནས་དགེ་སློང་སྒྲུབ་རྒྱུ་རང་གི་ཆེད་དུ་ལྷོ་ཕྱོགས་སུ་ཆིབས་བསྒྱུར་གནང་བ་རེད། ཡིན་ནའང་། ཞར་དང་ཞོར་ལ་གསུང་ཆོས་གནང་རོགས་ཟེར་བ་འདྲ་པོ། བཀའ་དབང་གནང་རོགས་ཟེར་བ་དེ་འདྲའི་གསོལ་བ་འདེབས་མཁན་མང་དུ་སོང་བས། རྫོང་དཀར་ཆོས་སྡེ་རུ་གསུང་ཆོས་དང་། དེ་བཞིན་རྒྱུད་སྨད་ལ་དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་གནང་རྒྱུ་དེ་འདྲའི་མཛད་འཆར་ཁ་སྣོན་བྱུང་ཡོད་པ་རེད།

དྲི་བ། ད་ལོར་སྐྱབས་མགོན་རིན་པོ་ཆེའི་བསྙེན་རྫོགས་ཀྱི་སྡོམ་པ་གནང་སྐབས་དགེ་འདུན་པ་ཞལ་གྲངས་ག་ཚོད་ཡོད་པ་རེད་དམ།

ལན། གཙོ་བོ་དེ་གདན་ས་གསུམ་ནས་གྲྭ་ཚང་དྲུག་ཡོད་རེད། ཁོང་རྣམ་པ་ཚོའི་ཆེད་དུ་རེད། ཡིན་ནའང་ང་ཚོའི་གདན་ས་ཚོའི་ཉེ་འཁོར་ན་ཡོད་པའི་རྒྱུད་སྨད་གྲྭ་ཚང་དང། བཀྲ་ཤིས་ལྷུན་པོ། རྫོང་དཀར་ཆོས་སྡེ། རྣམ་གྲོལ་གླིང་སོགས་ཡོད་རེད། དེ་དག་གི་ནང་ནས་ད་ལྟ་སེ་ར་དང་དེའི་ཉེ་འཁྲིས་གཙོས་སྒྲུབ་ས་དེ་ད་ལྟའི་ཆ་ལ་དགེ་འདུན་པ་༧༠༠ ལྷག་ཅིག་འདུག ཡིན་ནའང་ཚང་མ་སྒྲུབ་ཐུབ་པ་མི་འདུག དགེ་སློང་སྒྲུབ་པ་ལ་ཉི་མ་ལྔ་མ་གཏོགས་མཛད་རིམ་ཡོད་པ་མ་རེད། ཁ་སང་སྔོན་མ་ཡིན་ན་ཉི་མ་མང་པོ་ཡོད་རེད་དེ། ད་ལྟ་འགྱུར་བ་ཕྱིན་ནས་ཉི་མ་ལྔའི་ནང་ལ་སུམ་བརྒྱ་ལྷག་ཅིག་ལས་སྒྲུབ་ཐུབ་པ་མི་འདུག ཕྱེད་ཀ་ཙམ་ལྷག་འགྲོ་གི་འདུག མོན་གྷོ་ཌི་ཕྱོགས་ལ་ཡང་ཕལ་ཆེར་གྲངས་ཀ་གཅིག་པ་འདྲ་པོ་རེད། ཉེ་སྔོན་ལས་ཁུངས་ལ་འབྲེལ་བ་བྱུང་བ་ལྟར་ན་བདུན་བརྒྱ་ཙམ་ཡོད་རེད། ད་ལྟའི་ཆ་ལ་མོན་གྷོ་ལ་དགེ་སློང་སྒྲུབ་པའི་མཛད་འཆར་ཉི་མ་བརྒྱད་རེད།

དྲི་བ། སེ་ར་སྨད་དུ་བརྙེན་རྫོགས་ཀྱི་སྡོམ་པ་སྒྲུབ་པའི་འགོ་ག་དུས་འཛུགས་ཀྱི་རེེད། བསྙེན་རྫོགས་ཞུ་མཁན་ཚོའི་ནང་ན་རི་བོ་དགེ་ལྡན་པ་མིན་པའི་ཆོས་བརྒྱུད་གཞན་པའི་དགེ་འདུན་པ་ཡོད་རེད་པས།

yangtang_rinbochie

ལན། ཕྱི་ཚེས་ ༧ ཉིན་ནས་བསྙེན་རྫོགས་ཀྱི་སྡོམ་གནང་འགོ་ཚུགས་ཀྱི་རེད། དེ་ནས་ཉིན་ལྔའི་རིང་ལ་རེད། ཉི་མ་རེ་ལ་དགེ་འདུན་པའི་གྲངས་ཀ་བདུན་ཅུ་དོན་ལྔ་ཙམ་རེ་འགྲོ་ཐུབ་མི་ཡོང་ངམ་སྙམ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་ད་དུང་མཛད་འཆར་གྱི་ཆ་ནས་ཏན་ཏན་བཤད་ཐུབ་ཀྱི་མི་འདུག སྐུ་མདུན་དགུང་ལོ་གཞོན་པའི་སྐབས་སུ། ཉི་མ་གཅིག་ལ་སྒྲུབ་བྱ་དགུ་བཅུ་དང་། བརྒྱ་ལྷག་རེ་དེ་འདྲ་ཡོང་གི་ཡོད་རེད། ཡིན་ནའང། ད་ལྟ་དགུང་ལོའི་བབས་དང་མཛད་འཆར་གཞན་གྱི་རྐྱེན་པས་དེ་འདྲ་ཡོང་ཁག་པོ་ཆགས་ཡོད་པ་རེད། གཞན་རྒྱུད་གྲྭ་སྟོད་སྨད་ལ་ཁོ་རང་ཚོར་བོད་ནང་ནས་ཕྱག་སྲོལ་ལྟར་ལོ་རེ་རེ་ལ་རྒྱུད་གྲྭ་སྟོད་སྨད་རེས་མོས་བྱས་ནས་སྐུ་མདུན་ལ་བཅར་རྒྱུའི་ཕྱག་སྲོལ་ཞིག་ཡོད་རེད། མཛད་འཆར་དམིགས་བསལ་ཞིག་སྔོན་མ་བོད་རང་ན་ཡོད་དུས་ནས་འདུག དེ་གཞིར་བཟུང་བྱས་ནས་དྷ་རམ་ས་ལར་དཔྱིད་ཆོས་ཟིན་པའི་རྗེས་སམ། ཡང་ན་དཔྱིད་ཆོས་ཀྱི་སྔོན་དང་ལོ་གསར་ཚར་བའི་མཚམས་ཤིག་ལ་རེས་མོས་བྱས་ནས་ལོ་འཆར་ཅན་ལ་སྒྲུབ་ཀྱི་ཡོད་རེད། དེ་ཡིན་པས་ད་རེས་འདིར་རྒྱུད་སྨད་ལ་དགེ་སློང་སྒྲུབ་མི་དགོས་པ་བྱས་པ་རེད། དེ་ནས་ཆོས་བརྒྱུད་གཞན་པ་ནས་དགེ་སློང་སྒྲུབ་བྱ་ག་ཚོད་ཡོད་མེད་གྲངས་ཀ་ད་ལྟ་བཤད་ཚོད་ཐིག་མ་སོང། ཡིན་ནའང་། དཔེར་ན་རྣམ་གྲོལ་གླིང་གི་དགེ་འདུན་པ་ཚོ་ལ་རྣམ་གྲོལ་གླིང་རང་ནས་ཕྱི་ཚེས་༡༡ ཉིན་བསྙེན་རྫོགས་ཀྱི་སྡོམ་པ་གནང་གི་ཡོད་རེད། ད་ལྟའི་ཆ་ལ་དགེ་སློང་སྒྲུབ་མ་ཐུབ་པ་དེ་ཚོ་ལ་རྗེས་མ་ཕྱི་ཟླ་༩ དང་༡༠ དེ་འདྲ་ཞིག་ལ་དྷ་རམ་ས་ལར་སྒྲུབ་ཨེ་ཐུབ་བལྟ་རྒྱུ་དེ་འདྲ་ཞིག་གསུངས་ཡོད་རེད།

དྲི་བ། དགེ་འདུན་པ་ཚོས་དགེ་སློང་གི་སྡོམ་པ་ལེན་དགོས་པའི་རྒྱུ་མཚན་ཟེར་ན་འདྲ། དམིགས་ཡུལ་གཙོ་བོ་གང་ཡིན་ངོ་སྤྲོད་གནང་རོགས།

ལན། སྤྱིར་བཏང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཟེར་དུས། སོ་སོ་ཡར་ཐོན་ནས་གནས་དབེན་པ་ལ་ཕྱིན་ནས། གཙོ་བོ་དོན་དུ་གཉེར་བ་དེ་ཐར་པ་རེད། ཉོན་མོངས་པ་སྤངས་པ་དང་། ཉོན་མོངས་པ་དེས་བསྐྱེད་པའི་འབྲས་བུ་སྡུག་བསྔལ་རྒྱུ་དང་བཅས་པ་ཚང་མ་སྤངས་པ་དེ་རབ་ཏུ་བྱུང་བ་ཚོའི་དམིགས་ཡུལ་ཆགས་ཀྱི་ཡོད་རེད། ཉོན་མོངས་ལས་ཐར་པའི་ཐར་པ་དེ་འདྲ་ཞིག་སྒྲུབ་པ་ལ། ཐར་པ་སྒྲུབ་པའི་རྟེན་འདྲ་པོ་དེ་ལ་ཚུལ་ཁྲིམས་དེ་མེད་པ་ཡིན་ན་ཡོང་གི་ཡོད་པ་མ་རེད། དེ་འདྲ་ཡིན་པས། རྟེན་ཚུལ་ཁྲིམས་ཀྱི་རྨང་གཞི་དེ་མེད་ན་འགྲིག་གི་མེད་པ་ཡིན་དུས་ཚུལ་ཁྲིམས་དེ་སྲུང་གི་ཡོད་པ་རེད། ཚུལ་ཁྲིམས་ཀྱི་ནང་ནས་དྲག་ཤོས་ཟེར་ན་རེད། སོ་སོ་ཐར་པའི་སྡོམ་པའི་ནང་ལའང་ཉོན་མོངས་སྤངས་པའི་རྟེན་དྲག་ཤོས་སམ་རིམ་པ་མཐོ་ཤོས་དེ་དགེ་སློང་གི་སྡོམ་པ་ཆགས་ཀྱི་ཡོད་རེད། དགེ་སློང་གི་སྡོམ་པ་ལ་གནས་ནས་ཉོན་མོངས་པ་སྤོང་པའི་ཆེད་དུ་སྒོམ་རྒྱག་པ་ལ་སོགས་པ་དེ་འདྲ་བྱས་པ་ཡིན་ན་ཡག་པོ་ཡོང་ཐུབ་ཀྱི་ཡོད་རེད། དེ་འདྲ་ཡིན་པས་དགེ་སློང་གི་སྡོམ་པ་ཞུ་བའི་དམིགས་ཡུལ་དེ་དེ་ག་རང་རེད། རབ་ཏུ་བྱུང་ནས་གཙོ་བོ་སེམས་རྒྱུད་འདུལ་དགོས་ཀྱི་ཡོད་རེད། སེམས་རྒྱུད་འདུལ་ཟེར་དུས་ཉོན་མོངས་པ་འདུལ་དགོས་ཀྱི་ཡོད་རེད། ཉོན་མོངས་མེད་པར་བཟོ་བ་ལ་རྨང་གཞི་ཚུལ་ཁྲིམས་ཀྱི་སྡོམ་པ་དེ་ཡག་པོ་དགོས་ཀྱི་ཡོད་རེད། དེའི་ནང་ནས་ཚུལ་ཁྲིམས་ཀྱི་སྡོམ་པ་མཆོག་ཏུ་གྱུར་པ་དེ་དགེ་སློང་གི་སྡོམ་པ་ཆགས་ཀྱི་ཡོད་རེད། དེ་ཡོད་པ་ཡིན་ན་ཉོན་མོངས་སྤོང་བ་ལས་སླ་རུ་འགྲོ་གི་ཡོད་རེད། ཉོན་མོངས་སྤོང་བའི་རྨང་གཞི་ཡག་པོ་ཆགས་ཐུབ་ཀྱི་ཡོད་རེད། དེའི་ཆེད་དུ་དགེ་སློང་གི་སྡོམ་པ་ཞུ་ཡི་ཡོད་རེད།

དྲི་བ། སྤྱིར་བཏང་སྡོམ་པ་ཟེར་བ་དེ་ག་འདྲ་ཞིག་ལ་གསུང་གི་ཡོད་རེད། ལྷག་པར་དུ་དགེ་སློང་གི་སྡོམ་པའི་ངོ་བོ་དེ་ག་འདྲ་ཞིག་རེད་དམ།

ལན། སྤྱིར་བཏང་སྡོམ་པ་ཟེར་དུས། སྡོམ་པ་དང་བསྡམས་པ་ཟེར་བ་དོན་གཅིག་པ་འདྲ་པོ་ཆགས་ཀྱི་ཡོད་རེད། སྡོམ་པ་ཟེར་དུས་ལུས་ངག་གི་ཉེས་སྤྱོད་བསྡམས་པ་དང། ལུས་ངག་གི་ཉེས་སྤྱོད་བཀག་པ་ལ་གོ་ཡི་ཡོད་རེད། ལུས་ངག་གི་ཉེས་པར་སྤྱོད་པ་དེ་བག་མེད་དུ་མི་སྤྱོད་པར་དེ་ལ་བག་ཟོན་བྱས་ནས་ཉེས་སྤྱོད་དེ་ཚོ་སྡོམ་པ་ལ་སྡོམ་པ་ཟེར་གྱི་ཡོད་རེད། ཡང་སྡོམ་པ་དང་ཚུལ་ཁྲིམས་ཟེར་ན་ཡང་གོ་བ་གཅིག་པ་འདྲ་པོ་རེད། སྤྱིར་སྡོམ་པ་ཟེར་ན་དེ་འདྲ་ཞིག་རེད། དེ་ནས་དགེ་སློང་གི་སྡོམ་པ་ཟེར་བ་དེའི་དགེ་བ་ཟེར་བ་དེ། ཐར་པ་མྱ་ངན་ལས་འདས་པ་དོན་དམ་པའི་དགེ་བ་དེ་ཆགས་ཀྱི་ཡོད་རེད། དོན་དམ་པའི་དགེ་བ་ཐར་པ་མྱ་ངན་ལས་འདས་པ། འཁོར་བ་ལས་ཐར་བ། ཉོན་མོངས་པའི་འཆང་བ་ལས་ཐར་པའི་ཐར་པ་དོན་དུ་གཉེར་བ་ཡིན་པས་དགེ་བ་ཟེར་གྱི་ཡོད་རེད། སློང་ཟེར་བ་དེ་ཆོས་དང་མཐུན་པའི་བསོད་སྙོམས་ཟས་ཀྱིས་འཚོ་བ་ཡིན་པས། སློང་བ་ཟེར་གྱི་ཡོད་རེད། དགེ་སློང་དེ་འདྲ་རེད། སྡོམ་པའི་ངོ་བོ་དེ་ཡང་དེ་འདྲ་ཞིག་རེད། དགེ་སློང་གི་སྡོམ་པ་ཞེས་པ་མདོར་བསྡུས་ན་ལུས་ངག་གི་ཉེས་སྤྱོད་མཐའ་དག་སྡོམ་པ་ལ་ཟེར་གྱི་རེད། དགེ་བསྙེན་ཡིན་ན་སྲུང་བྱ་ལྔ་ཟེར་བ་དེ་འདྲ་ཡོད་རེད། དཔེར་ན་རྩ་བ་བཞི་དང་དེའི་སྟེང་ལ་ཆང་སྤང་བ་དེ་ཙམ་ཁ་ཤས་མ་གཏོགས་སྡོམ་དགོས་ཀྱི་ཡོད་པ་མ་རེད། ཡིན་ནའང་། དགེ་སློང་གིས་ལུས་ངག་གི་ཉེས་སྤྱོད་མཐའ་དག་སྡོམ་དགོས་ཀྱི་ཡོད་པ་རེད། དེ་ཡིན་དུས་ལུས་ངག་གི་ཉེས་སྤྱོད་མཐའ་དག་སྡོམ་པའི་ཚུལ་ཁྲིམས་དེ་ལ་དགེ་སློང་ཟེར་གྱི་ཡོད་རེད།  སྤྱིར་བཏང་ ནང་པ་སངས་རྒྱས་པའི་གཞུང་ནས་སྡོམ་པ་སྲུང་ཟེར་བ་ཡོང་གྲགས་སུ་སོ་སོ་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ། གསང་སྔགས་ཀྱི་སྡོམ་པ་གསུམ་གསུང་གི་ཡོད་རེད། དེ་གསུམ་གྱི་ནང་ནས་དགེ་སློང་གི་སྡོམ་པ་དེ་སོ་སོ་ཐར་པའི་སྡོམ་པ་དེ་ཆགས་ཀྱི་ཡོད་རེད། སོ་སོ་ཐར་པའི་སྡོམ་པ་དེ་ནང་པ་སངས་རྒྱས་པའི་ཚུལ་ཁྲིམས་ཀྱི་རྨང་གཞི་འདྲ་པོ་ཆགས་ཀྱི་ཡོད་རེད། ཚུལ་ཁྲིམས་ཀྱི་སྡོམ་པའི་རྨང་གཞི་དེའི་ནང་ལ་ཡང་རིམ་པ་མཐོ་དམན་ཁག་ཁ་ཤས་ཡོད་རེད། སོ་ཐར་གྱི་སྡོམ་པ་རིགས་བརྒྱད་གསུང་པ་དེ་འདྲ་ཡོད་རེད། རིགས་བརྒྱད་ཀྱི་སྡོམ་པ་ཚད་མཐོ་ཤོས་དེ་དགེ་སློང་གི་སྡོམ་པ་དེ་ཆགས་ཀྱི་ཡོད་རེད། རྩ་བའི་རྡོག་རྡོག་བྱས་ན་དེ་འདྲ་ཞིག་རེད།

དྲི་བ། དེ་ལྟ་བུའི་དགེ་སློང་གི་སྡོམ་པ་ཞུ་བ་ལ་དགེ་འདུན་པ་ཚོ་ལ་ཆ་རྐྱེན་ག་རེ་ཚང་དགོས་ཀྱི་ཡོད་རེད།

ལན།  དགེ་སློང་གི་སྡོམ་པ་ཞུ་བ་ལ་རྩ་བའི་ཆ་རྐྱེན་ཚང་དགོས་པ་དེ་ལ་ཁ་ཤས་ཤིག་ཡོད་རེད། གཙོ་བོ་ནང་བསམ་པའི་ཆ་རྐྱེན་ཚང་དགོས་ཀྱི་ཡོད་རེད། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་འཁོར་བ་ལས་ཐར་འདོད་ཀྱི་བློ་ཞིག རྩ་བའི་ཆ་ནས་དེ་འདྲ་བྱུང་བ་ཡིན་ན་ཕུན་སུམ་ཚོགས་པའི་ཡན་ལག་ཆགས་ཀྱི་ཡོད་རེད། གང་ལྟར་ཁྱིམ་དུ་གནས་པའི་སྐྱོན་མཐོང་། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཡོན་ཏན་མཐོང་བ་དེ་འདྲའི་བསམ་བློ་ཞིག་གཞི་རྩ་ལ་དགོས་ཀྱི་ཡོད་རེད། ནང་བསམ་བློའི་ཆ་རྐྱེན་དེ་གལ་ཆེ་ཤོས་རེད། དེ་ནས་ཡོ་བྱད་ཀྱི་ཆ་རྐྱེན་ཆོས་གོས་རྣམ་གསུམ་ཚང་དགོས་པ་དང། དགེ་སློང་གི་སྒྲུབ་བྱ་ཁོ་རང་ལ་ལོ་ན་ཉི་ཤུ་ལོན་དགོས་པ་དེ་འདྲ་ཡོད་རེད། རྩ་བའི་ཆ་རྐྱེན་དེ་འདྲ་ཞིག་རེད།

དྲི་བ། དགེ་སློང་གི་སྡོམ་པ་དེ་ལ་སྲུང་བྱ་ག་རེ་ག་རེ་ཡོད་རེད། དེ་བཞིན་སྲུང་བྱ་བསྲུང་བའི་ཕན་ཡོན་ག་འདྲ་གསུང་གི་ཡོད་རེད།

ལན། སྤྱིར་བཏང་ནས་དགེ་སློང་གི་སྡོམ་པའི་སྲུང་བའི་ཕན་ཡོན་ལ། སྡོམ་པ་ཁོ་རང་གི་ཕན་ཡོན་དང་། སྡོམ་པ་བསྲུང་བའི་ཕན་ཡོན་ཟེར་བ་དེ་འདྲ་གཉིས་སུ་བྱས་ན་འགྲིག་གི་ཡོད་རེད། སྡོམ་པ་བསྲུང་བའི་ཕན་ཡོན་ལ། དཔེ་ཆའི་ནང་ལ་སྡོམ་པ་བསྲུང་པའི་ཕན་ཡོན་བཅུ་ཐམ་པ། མ་བསྲུང་པའི་སྐྱོན་བཅུ་ཐམ་པ་དེ་འདྲ་གསུང་ཡོད་རེད།

ནམ་རྒྱུན་ཡོངས་གྲགས་སུ་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གསུང་གི་ཡོད་རེད། རྩ་བའི་ལྟུང་བཞི་ཟེར་བ་དང། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ་ཟེར་བ་དེ་འདྲའི་གྲངས་ཀ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་རེད། དེ་སྲུང་བའི་ཕན་ཡོན་དེ་ལ་མང་པོ་ཞིག་གསུངས་ཡོད་རེད། གཙོ་བོ་གཙོ་བོ་དེ་ཐར་བ་ཐོབ་པའི་ཆེད་དུ་ཡིན་པས། དགེ་སློང་གི་སྡོམ་པ་དེ་ཡག་པོ་ཞིག་སྲུང་ཐུབ་པ་ཡིན་ན། དེ་ལ་བརྟེན་ནས་དམིགས་ཡུལ་ཐར་བ་ཐོབ་པ་ཐག་ཇེ་ཉེ་ཇེ་ཉེར་འགྲོ་ཡི་ཡོད་རེད། གང་ལྟར་ཁོ་རང་གི་ཕན་ཡོན་དེ་ལ་དཔེ་ཆའི་ནང་དུ་གཅིག་དང་གཉིས་བརྩིས་ནས་ཕན་ཡོན་གྲངས་ཀ་མང་པོ་ཞིག་གསུངས་ཡོད་པ་རེད།

དྲི་བ། དེ་ནས་ནང་པ་སངས་རྒྱས་པའི་དགེ་ཚུལ་སློང་གི་སྡོམ་པ་ཞུ་བའི་སྐབས་སུ་སྡོམ་པ་དེ་ལ་བརྒྱུད་པ་ཞིག་ཚུལ་མི་འདྲ་བ་ཞིག་ཡོད་པ་འདྲ། དེ་འདྲ་ཡིན་དུས་༸གོང་ས་མཆོག་གི་སྡོམ་རྒྱུན་དེ་གང་ལ་ཐུག་གི་ཡོད་པ་རེད།

ལན། ༸སྐྱབས་མགོན་རིན་པོ་ཆེའི་སྡོམ་རྒྱུན་དེ་གཙོ་བོ་སྨད་འདུལ་གྱི་སྡོམ་རྒྱུན་རེད། སྨད་འདུལ་གྱི་སྡོམ་རྒྱུན་དེ་ཡོངས་གྲགས་སུ་བོད་ཀྱི་བསྟན་པ་ཕྱི་དར་གྱི་སྐབས་ལ། སྨད་ཕྱོགས་ནས་དར་བའི་བླ་ཆེན་པོ་དགོངས་པ་རབ་གསལ་གྱིས་སྡོམ་རྒྱུན་དེ་ཆགས་ཀྱི་ཡོད་རེད། བླ་ཆེན་དགོངས་པ་རབ་གསལ་གྱི་སྡོམ་རྒྱུན་དེ་ཡར་མཁན་ཆེན་ཞི་བ་འཚོ་ལ་ཐུག་བསྡད་ཡོད་རེད། ༸གོང་ས་མཆོག་གི་སྡོམ་རྒྱུན་དེ་མཁན་ཆེན་ཞི་བ་འཚོ་ནས་མར་བརྒྱུད་པ། སད་མི་བདུན་བྱུང་བ་དེ་ནས་མར་བརྒྱུད་པ་དེ་ཆགས་ཀྱི་ཡོད་རེད།

མེ་སོར་གསར་འགོད་པས་བཅར་འདྲི་ཞུས།

Share this:
༡༣༡༦ ཀློག་གྲངས།