འབྲུག་རྒྱལ་ཁབ་ཀྱི་སྲིད་བློན་འོས་འདེམས།

2013_7_16_1

འདི་ལོའི་འབྲུག་རྒྱལ་ཁབ་ཀྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཆེན་མོ་ཐེངས་གཉིས་པ་དེ་བྱས་རྗེས། ཕྱོགས་འགལ་མི་སེར་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་ཡོད་པ་རེད་འདུག

2013_7_16_1དེ་ཡང་ཟླ་འདིའི་ཕྱི་ཚེས་༡༣ ཉིན་འབྲུག་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་འདེམས་ཀྱིས་ཕྱོགས་འགལ་མི་སེར་མང་གཙོ་ཚོགས་པར་རྒྱལ་ཁ་ཐོབ་ཡོད་འདུག་པ་དང་། འདི་ལོའི་འབྲུག་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་གྲོས་ཚོགས་ཀྱི་འཐུས་མི་༤༧ ཡོད་ཁོངས་ནས་མི་སེར་དམངས་གཙོ་ཚོགས་པར་འོས་གྲངས་༣༢ ཀྱི་རྒྱབ་སྐྱོར་ཐོབ་སྟེ། རིང་མིན་ཚོགས་པ་དེའི་ཚོགས་གཙོ་ཚེ་རིང་སྟོབས་རྒྱལ་གྱིས་འབྲུག་གཞུང་གསར་པའི་སྲིད་བློན་གནང་རྒྱུ་ཡིན་པར་བརྟེན།

ཕྱི་ཚེས་༡༥ ཉིན་སྲིད་སྐྱོང་བློ་བཟང་སེང་གེས་ཁོང་ལ་འཚམས་འཕྲིན་ཕུལ་བའི་ནང་འཁོད་དོན། ངས་བཀའ་ཤག་གི་ཚབ་ཞུས་ཏེ་སྐུ་ཉིད་ལ་འདི་ལོའི་འབྲུག་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་མང་མོས་ཀྱི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཡོད། དེ་བཞིན་འབྲུག་ཕུན་སུམ་ཚོགས་པའི་ཚོགས་མི་ཡོངས་ལའང་འདས་པའི་ལོ་ལྔའི་རིང་འབྲུག་རྒྱལ་ཁབ་ཀྱི་གཞུང་འཛིན་གནང་སྟེ། ད་ཆ་དམངས་གཙོའི་ལམ་ནས་ཞི་འཇམ་ཐོག་སྲིད་དབང་རྩིས་སྤྲོད་གནང་ཐུབ་པར་འཚམས་འདྲི་ཞུ་རྒྱུ་ཡིན།

འདི་ལོའི་འབྲུག་རྒྱལ་ཁབ་ཀྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཆེན་མོ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ནས། ཞི་འཇམ་ཐོག་ཆབ་སྲིད་ཚོགས་པ་གཅིག་ནས་གཅིག་ལ་སྲིད་དབང་རྩིས་སྤྲོད་གནང་ཐུབ་པ་ དེས་འབྲུག་རྒྱལ་པོ་མཆོག་གི་འཆར་སྣང་དང་ཡང་དག་པའི་འགོ་ཁྲིད་གནང་བ་མཚོན་གྱི་ཡོད་པ་མ་ཟད། མི་མང་གིས་དམངས་གཙོའི་ལམ་ལུགས་ལ་ཡིད་ཆེས་བརྟན་པོ་ཡོད་པ་མཚོན་གྱི་ཡོད། ཐེངས་འདིའི་རྒྱལ་ཁ་འདི་ནི་དམངས་གཙོར་རྒྱལ་ཁ་ཐོབ་པ་ཞིག་དང་མིག་དཔེར་འོས་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད།

ཕྱི་ལོ་༢༠༠༨ ལོར་འབྲུག་རྒྱལ་པོས་འབྲུག་ནང་མང་གཙོའི་ལམ་ལུགས་གསར་གཏོད་ཀྱིས་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཐེངས་དང་པོ་བྱས་རྗེས་འབྲུག་ཕུན་སུམ་ཚོགས་པར་རྒྱལ་ཁ་ཐོབ་སྟེ་གཞུང་འཛིན་ལོ་ལྔ་གནང་ཡོད་པ་དང། དེ་བཞིན་ཐེངས་གཉིས་པ་མི་སེར་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་སྟེ་གཞུང་འཛིན་ལོ་ལྔའི་རིང་གནང་རྒྱུ་ཡིན་པ་རེད།

Share this:
༡༣༩ ཀློག་གྲངས།