དབུ་མའི་ལམ་ནི་བོད་རང་བཙན་གྱི་གོམ་ཁ་གཉིས་པ་རེད།

ཕྱི་ཟླ་༧ པའི་ཚེས་༡༦ ཉིན། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་ཟུར་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ལྷན་ཁང་གི་འགན་འཛིན་ཀྲུའུ་ཝེ་ཆོན་གྱིས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་<<གོ་ལའི་དུས་བབ་>>སྟེང་“དབུ་མའི་ལམ་ནི་རང་བཙན་གྱི་གོམ་ཁ་གཉིས་པ་རེད་”ཅེས་པའི་རྩོམ་ཡིག་ཅིག་སྤེལ་འདུག

ཀྲུའུ་ཝེ་ཆོན་ཡིས་ཐོག་མར་“རྒན་ཡོལ་བྱས་ནས་ལོ་ཤས་སོང་བའི་ཏཱ་ལའི་བླ་མས་ཨོ་སི་ཁྲུ་ལི་ཡར་དད་ལྡན་མང་ཚོགས་རྣམས་ལ། བོད་ཕྱི་ནང་གཉིས་ཀྱི་དབུ་ཁྲིད་དངོས་གནས་དེ་ཁོང་ཉིད་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་ཅིང་། ཁོང་གིས་བཏོན་པའི་དབུ་མའི་ལམ་ནི་བོད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཡག་ཤོས་དེ་རེད་ཅེས་རྩོམ་ཡིག་དེ་འགོ་བཙུགས་ཡོད་པ་དང་། རྩོམ་ཡིག་ནང་མུ་མཐུད་དུ་འཁོད་དོན། “ཁྱད་མཚར་བའི་ངང་ཚུལ་ཞིག་ནི། “དབུ་མའི་ལམ་”ལ་རྒྱབ་སྐྱོར་བྱེད་མཁན་ཐམས་ཅད་ཀྱིས་དབུ་མའི་ལམ་གྱི་ཞིབ་ཕྲའི་ནང་དོན་བཤད་ཀྱི་མེད། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། དབུ་མའི་ལམ་གྱི་འགྲེལ་བཤད་ཅུང་ཞིབ་ཕྲ་རུ་བཏང་ན་རང་བཙན་གྱི་རྣམ་འགྱུར་མངོན་འོང་”ཟེར།

ཁོང་གིས་དབུ་མའི་ལམ་གྱི་རྒྱབ་ལྗོངས་སྐོར་འཁོད་དོན། “ཏཱ་ལའི་རུ་ཚོགས་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན། དབུ་མའི་ལམ་ནི་ཕྱི་ལོ་༡༩༨༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བཏོན་པའི་ཞི་བའི་གྲོས་འཆར་ལྔ་དང། ཕྱི་ལོ་༡༩༨༨ ལོར་སི་ཊས་སྦག་ཏུ་ཡུ་རོབ་གྲོས་ཚོགས་ཐོག་བཏོན་པའི་གྲོས་འཆར་དོན་ཚན་བདུན་རྨང་གཞིའི་འོག་གྲུབ་པ་ཞིག་རེད་ལ། དབུ་མའི་ལམ་གྱི་རྒྱབ་ལྗོངས་ནི། རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད་ཉིན་རེ་བཞིན་དར་ཞིང་རྒྱས་པ་དང་། ཏཱ་ལའི་རུ་ཚོགས་ཀྱི་དྲག་ཆས་གཏོར་རྒོལ་ཐེངས་མང་ཕམ་པར་བརྟེན། ཏཱ་ལའི་རུ་ཚོགས་ནང་ཁུལ་དུ་རྩོད་རྙོག་རྒྱུན་ཆད་མེད་པར་བྱུང་ཡོད། ལྷག་པར་དུ་ཨ་རིས་རྒྱ་ནག་དང་འབྲེལ་ལམ་ལེགས་བཅོས་ཀྱི་ཆེད་དུ། ཨ་རིའི་གསང་བའི་ལས་ཁུངས་(CIA)ཀྱིས་དཔལ་འབྱོར་དང་དམག་ཤུགས་ཀྱི་རོགས་སྐྱོར་མཚམས་འཇོག་བྱས་པ་སོགས་ལ་བརྟེན་ནས། ཡོངས་གྲགས་ཀྱིས་བོད་རང་བཙན་རྩོད་ཐབས་མེད་པར་གྱུར་པ་དང་། ད་གཟོད་དབུ་མ་ཞེས་པ་འདི་བྱུང་བ་རེད་”ཟེར།

ཀྲུའུ་ཝེ་ཆོན་གྱིས་རྩོམ་ཡིག་ནང་དབུ་མའི་ལམ་ལ་ཆ་རྐྱེན་ལྔ་ཡོད་པར་བཤད་ཡོད། ཁོང་གིས། “གོང་གི་“ཞི་བའི་གྲོས་འཆར་ལྔ་”དང་“སི་ཊས་སི་སྦག་གི་བསམ་འཆར་”གཉིས་མཉམ་དུ་བསྡོམས་ན་དབུ་མའི་ལམ་ལ་ཆ་རྐྱེན་ལྔ་ཡོད། གཅིག  བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་མ་བྱས་པར། རྒྱ་ནག་གིས་དབང་བསྒྱུར་བྱས་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་པ་དང་། དེ་ནི་མ་འོངས་པར་གོ་སྐབས་རག་ཚེ་བོད་རང་བཙན་སླར་གསོ་བྱེད་པའི་ལོ་རྒྱུས་དང་ཁྲིམས་ལུགས་ཀྱི་གཞི་འཛིན་ས་རེད། གཉིས། ལོ་རྒྱུས་ཐོག་ཏུ་བོད་ཆེན་པོ་ཟེར་བ་ཞིག་ཡོད་པར་རྩ་བ་ནས་ཁས་ལེན་མ་བྱས་པར། རྒྱ་ནག་གི་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན་གྱི་རང་སྐྱོང་ཁུལ་གཉིས། ཀན་སུའུ་དང་ཡུ་ནན་གཉིས་ཀྱི་རང་སྐྱོང་ཁུལ་རེ་རེ་བཅས་ཡོངས་རྫོགས་ཏཱ་ལའི་བླ་མས་དབང་བསྒྱུར་བྱེད་འཆར་དེ་རེད། གསུམ། བོད་ཆེན་པོ་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་གི་དགོས་འདུན་བཏོན་ཏེ། ཕྱི་འབྲེལ་ཕུད་པའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། མི་འབོར། སློབ་གསོ། སྐད་ཡིག ཁོར་ཡུག་སྲུང་སྐྱོབ། ཆོས་ལུགས་སོགས་ཆ་ཚང་ཏཱ་ལའི་བླ་མས་སྟངས་འཛིན་བྱེད་དགོས་པ། བཞི། རྒྱ་ནག་དབུས་གཞུང་གིས་བོད་ཆེན་པོ་ནས་བཅིངས་གྲོལ་དམག་ཡོངས་རྫོགས་ཕྱིར་འཐེན་བྱས་ཏེ། བོད་དེ་དམག་ཤུགས་མེད་པའི་ཞི་བདེའི་ས་ཁུལ་ཞིག་ཏུ་བསྒྱུར་དགོས་པ། ལྔ། བོད་དུ་གནས་སྡོད་བྱས་པའི་རྒྱ་རིགས་ཡོངས་རྫོགས་རྒྱ་ནག་ཏུ་ཕྱིར་ལོག་བྱེད་དགོས་པ་”བཅས་ལྔ་རེད།
ད་དུང་ཁོང་གིས་འདས་པའི་བོད་རྒྱ་ཞི་མོལ་གྱི་ངོ་བོ་དང་བྱུང་རིམ་སྐོར་བྲིས་ཡོད་པ་དང་། རྩོམ་ཡིག་ནང་འཁོད་དོན། “ཕྱི་ལོ་༢༠༠༨ ལོའི་ཟླ་༡༡ པའི་གྲོས་མོལ་སྐབས། ཏཱ་ལའི་བླ་མའི་དམིགས་བསལ་སྐུ་ཚབ་ཀྱིས་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་སྐུ་ཚབ་ལ་<<བོད་རིགས་ཡོངས་ལ་ས་གནས་མི་རིགས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་>>ཞེས་པ་ཞིག་སྤྲད་ཡོད་པ་དང་། དེ་ནི་ཆེས་གསར་ཤོས་ཀྱི་དབུ་མའི་ལམ་ཡིན་པར་བརྗོད། ཡིན་ནའང་བསམ་འཆར་ཡིག་ཆ་དེ་དང་གོང་གི་དབུ་མའི་ལམ་གྱི་ནང་དོན་ལ་འགྱུར་བ་གང་ཡང་ཕྱིན་མེད་པར། ཡིད་ཆེས་བྱེད་མི་ཐུབ་པའི་ཡི་གེ་ཁ་ཤས་མང་དུ་སོང་ཡོད་པ་ཙམ་རེད། ཁོང་ཚོས་བརྗོད་པ་ལྟར་ན། བཙན་བྱོལ་བོད་མིིའི་གཞུང་ནི་འཛམ་གླིང་ཐོག་གི་བོད་མི་ཡོངས་རྫོགས་ཀྱི་སྐུ་ཚབ་དེ་ཡིན་པས། རྒྱ་ནག་སྲིད་གཞུང་དང་ལྷན་དུ་འདྲ་མཉམ་གྱིས་སྐད་ཆ་བཤད་པའི་ཐོབ་ཐང་ཡོད་ཟེར། གྲོས་འཆར་ནང་ཏཱ་ལའི་བླ་མས་མངགས་པའི་མི་དང་དབུས་གཞུང་མཉམ་འབྲེལ་ཚན་པས་“རྒྱ་ནག་གི་རྩ་ཁྲིམས་”ལ་བསྒྱུར་བཅོས་གཏོང་དགོས་པ་རེད། དོན་དངོས་ལས་གསལ་བ་ལྟར། དབུ་མའི་ལམ་གསར་རྙིང་གང་ཡིན་ལ་མ་ལྟོས་པར་རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་ལམ་ལུགས་ལ་རྒྱབ་འགལ་བྱས་པས། བོད་ཚུད་པའི་རྒྱལ་གཅེས་ཀྱི་བསམ་བློ་ཡོད་མཁན་སུ་གཅིག་གིས་ཁས་ལེན་བྱེད་སྲིད་དམ། འཛམ་གླིང་ཐོག་གི་འགན་ཁུར་ཡོད་པའི་སྲིད་གཞུང་སུ་ཡིན་ནའང། དེ་ལྟ་བུའི་དགོས་འདུན་ལ་བཟོད་སྒོམ་བྱེད་སྲིད་དམ། ”ཞེས་སོགས་བརྗོད་དེ་དབུ་མའི་ལམ་གྱི་དགོངས་དོན་ནི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་བ་དང་ཁས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་ལུགས་བརྗོད་འདུག

ད་དུང་ཁོང་གིས་“དབུ་མའི་ལམ”དང་“བོད་རང་བཙན་”ལ་ཁྱད་པར་ཅི་ཞིག་ཡོད་དམ་ཞེས་དབུ་མའི་ལམ་ནི་རང་བཙན་གྱི་ལམ་ཁ་གཉིས་པ་ཡིན་པར་བཤད་འདུག  དེ་ཡང་ཁོང་གིས་བརྗོད་དོན། “དབུ་མའི་ལམ་བཏོན་ནས་མི་རིང་བའི་རྗེས། ཏཱ་ལའི་བླ་མའི་སྤུན་མཆེད་བསྟན་འཛིན་ཆོས་རྒྱལ་གྱིས་ཧྥ་རན་སིའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་སྐབས། “ཐོག་མར་ང་ཚོས་རང་སྐྱོང་ཡོང་ཐབས་བྱེད་དགོས་པ་དང་། དེའི་རྗེས་སུ་རྒྱ་མི་རྣམས་བོད་ནས་ཕུད་དགོས། དཔེར་ན། དབྱིན་ཇི་བ་རྣམས་རྒྱ་གར་ནས་ཕྱིར་ཕུད་པ་བཞིན། རང་སྐྱོང་ནི་རང་བཙན་གྱི་གོམ་པ་དང་པོ་རེད་”ཅེས་བརྗོད་ཡོད། ཏཱ་ལའི་རུ་ཚོགས་ཀྱི་<<བོད་ཀྱི་ཆ་འཕྲིན་>>སྟེང་རྩོམ་ཡིག་སྤེལ་ཏེ་འགྲེལ་བརྗོད་འདི་ལྟར་བྱས་འདུག  “རང་བཙན་གྱི་ལངས་ཕྱོགས་འཛིན་པའི་ལས་འགུལ་བས་“ཞི་བདེའི་གྲོས་འཆར་དོན་ཚན་ལྔ་”དང་སི་ཊས་སི་སྦག་བསམ་འཆར་”ནི་རྒྱབ་གཏོད་ཅིག་ལ་ངོས་འཛིན་བྱེད་བཞིན་པ་དང་། དེ་ནི་ཁོང་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ཡི་གེའི་ནང་གི་རྒྱབ་ལྗོངས་ཀྱི་ནང་དོན་ལ་བསམ་བློ་མ་བཏང་བ་རེད། གལ་སྲིད་དོན་དངོས་སུ་དེ་ལྟ་བུའི་ཁོར་ཡུག་ཅིག་ཡོད་ན། དོན་དག་ལ་རང་བཙན་དངོས་དང་ཁྱད་པར་ཡོད་མ་རེད་ཅེས་”བཀོད་འདུག

ཁོང་གིས་རྩོམ་ཡིག་ནང་མུ་མཐུད་དུ་འཁོད་དོན། “དབུ་མའི་ལམ་”བཏོན་ནས་ལོ་༢༦ ཕྱིན་པའི་རིང་། དབུ་མའི་ལམ་གྱི་དགོངས་དོན་དང་ཁས་ལེན་བྱས་པའི་གྲུབ་འབྲས་གང་ཡང་བྱུང་མེད་པ་དང་། ཉེ་བའི་ལོ་ཤས་རིང་“རང་ལུས་མེར་སྲེག་”གི་དོན་རྐྱེན་ཐེངས་དུ་མར་བསླངས་ཏེ། རྒྱ་ནག་སྲིད་གཞུང་ཕྱིར་ནུད་བྱེད་སྲིད་པའི་རེ་བ་བརྒྱབ་ཀྱང་། ཁོང་ཚོའི་དམིགས་ཡུལ་འགྲུབ་མེད་པ་མ་ཟད། དེ་ལས་ཟློག་སྟེ་འཛམ་གླིང་ཡོངས་ཀྱི་མདུན་དུ་ཏཱ་ལའི་རུ་ཚོགས་ཀྱི་གདུག་རྩུབ་དང་རྫུན་རྐུབ་བརྡོལ་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོ་བོ་གྱུར་པའི་རང་བཙན་སྟོབས་ཤུགས་ཤོག་ཁག་གིས་གདོང་ལེན་བྱེད་མ་ཐུབ་པར་གྱུར་པ་མ་ཟད། སྲིད་གཞུང་རྫུན་མ་དང་ཐ་ན་ཏཱ་ལའི་བླ་མ་ཁོང་རང་ཉིད་ལ་སྐྱོན་བརྗོད་ཀྱང་ཉིན་རེར་བཞིན་མང་དུ་སོང་སྟེ། ཏཱ་ལའི་བླ་མ་བྱ་དཀའ་བྱེད་གཏད་དུ་གྱུར་ཡོད། ཕྱི་ཟླ་༦ པའི་ཚེས་༧ ཉིན་ཕྱི་རྒྱལ་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རང་བཙན་ཤོག་ཁག་གིས་བརྗོད་པ་ལྟར། སྲིད་གཞུང་རྫུན་མའི་མི་ཁ་ཤས་ཀྱིས་ནང་ཁུལ་འགལ་ཟླ་སེལ་བའི་ཆེད་དུ། ཏཱ་ལའི་བླ་མའི་སེམས་གཏིང་གི་བསམ་ཚུལ་ཁ་ཤས་ལ་རྒྱབ་རྟེན་མི་བྱ་ཀ་མེད་གྱུར།  “སྤྱིར་ན་ཁོང་ཚོས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཆ་ཚང་ཡོད་ཀྱང་། རང་བཙན་ཡང་སེམས་ལ་བརྟན་པོར་བཟུང་ཡོད། ཧ་ཅང་གསལ་པོ་རེད། རང་བཙན་ཡང་ཏཱ་ལའི་བླ་མའི་སེམས་ལ་ཡོད་རེད།”ཅེས་སོགས་བརྗོད་དེ་དབུ་མའི་ལམ་ནི་རྣམ་པ་འགྱུར་བའི་རང་བཙན་ཡིན་སྐོར་འཁོད་འདུག

རྩོམ་ཡིག་གི་མཇུག་ཏུ་“དབུ་མའི་ལམ་”གང་དུ་ཕྱོགས་ཡོད་མེད་ད་དུང་གསལ་པོ་ཆགས་མེད་པ་རེད་དམ་ཞེས་དྲི་ཚིག་ཅིག་བཀོད་དེ། ཁོང་གིས། “ལོ་རབས་བརྒྱད་ཅུ་པའི་བོད་རྒྱ་གྲོས་མོལ་ཐོག་མའི་ཆར།  དབུས་གཞུང་གི་དབུ་ཁྲིད་ཚོས་“དབུ་མའི་ལམ་”གྱི་རང་བཞིན་མཐོང་སྐབས། “བོད་རང་བཙན་”མི་འགྲིག  “རྣམ་པ་འགྱུར་བའི་རང་བཙན།”  “ཕྱེད་རང་བཙན་”ཡང་ཡོང་ཐབས་མེད། ལོ་རྒྱུས་དང་དངོས་ཡོད་གཉིས་ཀྱིས་བདེན་དཔང་བྱས་པ་ལྟར་“བོད་རང་བཙན་”གྱི་གོམ་པ་གཅིག་སྤོས་ནའང་འདྲ། གོམ་ཁ་གཉིས་ཅན་གྱི་“བོད་རང་བཙན་”ཡིན་ན་ཡང་འདྲ་ཐམས་ཅད་ལ་འཆི་ལམ་མ་གཏོགས་ཡོད་མ་རེད་”ཅེས་རྩོམ་ཡིག་གི་མཇུག་བསྡུས་ཡོད་པ་རེད།།

Share this:
༡༠༦ ཀློག་གྲངས།