༧གོང་ས་མཆོག་མོན་གྷོ་ཌི་རུ་ཆིབས་བསྒྱུར།

dalai_lama_mundgod_2013_07_17༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༧ ཚེས་༡༧ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༡། ༥༠་ཙམ་ལ་རྒྱ་གར་ལྷོ་ཕྱོགས་ཀརྞ་ཌ་ཀའི་མངའ་ཁུལ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་དཔལ་ལྡན་འབྲས་སྤུངས་བླ་སྤྱི་རུ་ཞབས་སོར་བདེ་བར་འཁོད་གནང་ཡོད་པ་རེད།

མོན་གྷོ་འདོད་རྒུ་གླིང་ས་གནས་ཀྱི་གཞིས་མཉམ་གཉིས་དང་ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་བཅས་ཀྱིས་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཁག་གི་ལས་ཀྱི་སྣེ་མོ་བ་ཡོངས་དང་། དེ་བཞིན་གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་།  གཞན་ཡང་མོན་གྷོ་ས་གནས་ཀྱི་དད་ལྡན་སེར་སྐྱ་མང་ཚོགས་ཡོངས་ཀྱིས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་ཏེ།  དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་འདུ་ཁང་ཆེན་མོར་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།

དེ་ཡང་ཐོག་མར་༧གོང་ས་མཆོག་འབྲས་སྤུངས་བླ་སྤྱིར་ཆིབས་བསྒྱུར་གནང་གྲུབ་པ་དང་། བླ་སྤྱིའི་རྟེན་གཙོ་རྣམས་དང་མགོན་ཁང་བཅས་སུ་མཇལ་བཅར་གནང་གྲུབ་པ་དང་ཆབས་ཅིག་བཞུགས་ཁྲིར་འཁོད་མཚམས་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་དང་རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་སྨོན་ལམ་གསུང་འདོན་སོགས་ཀྱི་ལས་རིམ་གྲུབ་པ་དང་།

dalai_lama_mundgod1_2013_07_17༧གོང་ས་མཆོག་གིས། “ཁ་སང་སེ་རར་ལབ་རྒྱུ་བྱུང་བཞིན། དེ་རང་མོན་གྷོ་བོད་མིའི་གཞིས་སྒར་དུ་བཅར་དོན་གཙོ་བོ་དེ་གདན་ས་ཆེན་པོ་དགའ་འབྲས་གཉིས་ཀྱི་ནང་གི་དགེ་འདུན་པ་ཚོར་བསྙེན་རྫོགས་ཀྱི་སྡོམ་པ་གནང་བའི་ཆེད་དུ་འདིར་ཡོང་བ་ཡིན། གཞན་ཆོས་འབྲེལ་དེ་འདྲའི་སྐད་ཆ་མེད།  ད་ཡིན་ན་ཡང་མང་ཚོགས་ཀྱི་ཚེ་དབང་ཞིག་བསྐུལ་རོགས་ལབ་ཀྱི་འདུག དེ་ལ་དུས་ཚོད་ཞིག་སྤྲད་པ་དེ་ཙམ་མ་གཏོགས་གཞན་མཛད་འཆར་མེད་ཅེས་གསུངས་སོང་།

༧གོང་ས་མཆོག་གིས་མུ་མཐུད་གསུངས་དོན།   “ཁ་སང་ང་འདིར་ཡོང་དུས་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་མཁན་མང་པོ་འདུག་ཅེས་བཤད་སོང་། མ་གཞི་རྒྱུན་དུ་དྷ་རམ་ས་ལར་བསྙེན་རྫོགས་ཀྱི་སྡོམ་པ་བསྒྲུབ་ཀྱི་ཡོད་རེད་དེ། ད་ཡིན་ན་དགེ་འདུན་པ་ཕོན་ཆེན་པོ་ཞིག་དྷ་རམ་ས་ལར་ཡོང་ཟེར་ན་ཁག་པོ་རེད།  ལྷག་པར་གྲྭ་པ་གྲྭ་རྐྱང་དེ་ཚོའི་རིགས་ལ་དཀའ་ངལ་ཡང་ཡོད་རེད།  དེ་འདྲ་ཡིན་དུས་དེ་རང་ཆེད་མངགས་འདིར་ཡོང་ནས་བསྙེན་རྫོགས་ཀྱི་སྡོམ་པ་སྒྲུབ་རྒྱུ་བྱུང་ན་དྲན་པ་ཡིན་”ཞེས་གསུངས་སོང་།

ཕྱི་ཚེས་༡༨ ནསའབྲས་སྤུངས་སྒོ་མང་གྲྭ་ཚང་གི་འགོ་བཙུགས་ནས་རིམ་པས་འབྲས་སྤུངས་བློ་གསལ་གླིང་དང་དགའ་ལྡན་ཤར་བྱང་གཉིས་ཀྱི་བསྙེན་རྫོགས་བསྒྲུབ་བྱ་དགེ་འདུན་པ་ཡོངས་ལ་ཕྱི་ཚེས་༢༤ བར་བསྙེན་རྫོགས་ཀྱི་སྡོམ་པ་གནང་གཏན་ཁེལ་ཡོད་པ་རེད་འདུག །

མོན་གྷོ་གསར་འགོད་པས།

Share this:
༩༠ ཀློག་གྲངས།