དགེ་རྒན་གྱིས་ཕྱོགས་ཞེན་མེད་པར་བརྒྱ་ཆ་སྤྲད་དགོས།

2013_7_19

ནུབ་ཕྱོགས་པའི་སྤྱི་ཚོགས་ནང་རྩ་བས་དགེ་རྒན་ཟེར་བ་དེ་སློབ་ཕྲུག་ལས་ཤེས་ཡོན་ཆེ་བ་དགོས་ཀྱི་ཡོད་ན་ཡང་། སློབ་ཁྲིད་བྱེད་སྐབས་དགེ་རྒན་གྱིས་སློབ་ཕྲུག་དེ་གང་ཡང་མི་ཤེས་མཁན་ལྟ་བུར་བརྩིས་ན་མ་གུས་པ་ཆགས་ཀྱི་ཡོད་ཅེས་འབུམ་རམས་པ་བསྟན་འཛིན་རྡོ་རྗེས་ས་རཱ་མཐོ་སློབ་ཏུ་གསུངས་སོིང་།

2013_7_19

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༨ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠།༣༠ ཀྱི་སྟེང་བཞུགས་སྒར་དྷ་སའི་ཉེ་འདབས་སུ་ཡོད་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། ཨ་རིའི་ཁ་ལེ་ཧྥོ་ནི་ཡཱ་མངའ་སྡེའི་ནང་གི་གཙུག་ལག་སློབ་གྲྭ་(Fulleton University)ཞེས་པའི་སློབ་དཔོན་ཆེན་མོ་དང་འབྲེལ་བ་རིག་པའི་འབུམ་རམས་པ་བོད་མི་བསྟན་འཛིན་རྡོ་རྗེས། ས་རཱ་མཐོ་སློབ་ཀྱི་དགེ་རྒན་ཚོར་ནུབ་ཕྱོགས་པའི་དགེ་རྒན་ཚོའི་སློབ་ཁྲིད་བྱེད་སྟངས་དང་། སློབ་ཕྲུག་དང་དགེ་རྒན་བར་འབྲེལ་བ་འཇོག་སྟངས། ཡིག་ཚད་ཀྱི་དྲི་བ་བཟོ་སྟངས། དེ་བཞིན་ནང་སྦྱོང་བསྐོ་སྟངས་དང་། སློབ་ཁྲིད་གནང་ཕྱོགས་ཀྱི་ལྟ་གྲུབ་དང་དམིགས་ཡུལ་སོགས་ཀྱི་སྐོར་ནས་གསུང་བཤད་གནང་སྐབས། ནུབ་ཕྱོགས་པའི་སྤྱི་ཚོགས་ནང་རྩ་བས་དགེ་རྒན་ཟེར་བ་དེ་སློབ་ཕྲུག་ལས་ཤེས་ཡོན་ཆེ་བ་དགོས་ཀྱི་ཡོད་ན་ཡང་། སློབ་ཁྲིད་བྱེད་སྐབས་དགེ་རྒན་གྱིས་སློབ་ཕྲུག་དེ་གང་ཡང་མི་ཤེས་མཁན་ལྟ་བུར་བརྩིས་ན་མ་གུས་པ་ཆགས་ཀྱི་ཡོད་སྐོར་དང་། དགེ་རྒན་ཚོས་ཤེས་ཡོན་གང་ཞིག་སློབ་ཁྲིད་བྱེད་སྐབས་ཅ་ལག་ཅིག་ཕན་ཚུན་ལ་སྤྲད་པ་ལྟ་བུ་མ་ཡིན་པར། དགེ་རྒན་དང་སློབ་ཕྲུག་གཉིས་ཀྱིས་ཕན་ཚུན་བར་དོགས་འདྲི་དང་བགྲོ་གླེང་བྱས་ནས་སློབ་ཕྲུག་གིས་ཤེས་ཐུབ་བྱ་དགོས་པ་དང་། དེ་བཞིན་འཛིན་གྲྭའི་ནང་དགེ་རྒན་གྱིས་གཏམ་བཤད་རྐྱང་པས་དུས་ཚོད་མི་གཏོང་བར་སློབ་ཕྲུག་ཚོའི་རྣམ་དཔྱོད་བེད་སྤྱོད་གཏོང་འཇུག་དགོས་པ་གལ་ཆེན་པོ་ཡིན་སྐོར་དང་། དགེ་རྒན་ཚོས་སློབ་ཚན་ཁྲིད་པ་ཙམ་གྱིས་མི་ཆོག་པར་འཚོ་བའི་ལག་ལེན་ལ་སྦྱར་ཏེ་འཆད་ཁྲིད་བྱེད་དགོས་སྐོར་སོགས་གསུངས་སོང་།

ཡང་ཁོང་གིས་དགེ་རྒན་གྱིས་སློབ་ཕྲུག་ལ་བརྒྱ་ཆ་སྤྲོད་སྐབས་དགེ་རྒན་ཚོས་དྲང་པོ་བྱ་དགོས་སྐོར་གྱི་ཐད་ནས་གསུངས་དོན། སྤྱི་ཚོགས་ནང་སློབ་ཕྲུག་ཁ་ཤས་དགེ་རྒན་ལ་འབྲེལ་བ་བྱེད་མཁས་པོ་དེ་འདྲ་ཡོང་གི་ཡོད་པར་བརྟེན། དགེ་རྒན་ཚོས་རྒྱལ་སྤྱིའི་བརྒྱ་ཆ་སྤྲོད་སྟངས་སྐོར་གྱི་ཡིག་ཆ་དེ་ཚོར་བལྟས་ནས། སློབ་ཕྲུག་ཚོའི་རྩོམ་ཤོག་ལ་བརྒྱ་ཆ་སྤྲོད་སྐབས་ཕྱོགས་ཞེན་མེད་པར་དྲང་པོ་དྲང་བཞག་གིས་སྤྲད་དགོས་ཀྱི་ཡོད་སྐོར་དང་། དེ་བཞིན་སློབ་ཕྲུག་ཚོས་བརྗོད་གཞི་གང་ཞིག་གི་ཐོག་ཉམས་ཞིབ་བྱེད་དུས་མཁས་པ་གང་ཞིག་གི་གསུང་རྩོམ་ལུང་འདྲེན་བྱེད་སྐབས། གསུང་དེ་མཁས་པ་དེའི་གསུངས་ཡིན་ཚུལ་གསལ་པོར་བཤད་དགོས་པ་ལས་སོ་སོའི་སྐད་ཆ་དང་ལྟ་བ་ཡིན་མདོག་བྱས་ན་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

2013_7_19_3དེ་བཞིན་ཉིན་གུང་ཆུ་ཚོད་གཉིས་པའི་ཐོག་ས་རཱ་མཐོ་སློབ་ཀྱི་ཚོགས་ཁང་གསར་པའི་ནང་མཐོ་སློབ་ཁང་དེའི་སློབ་ཕྲུག་ཚོ་གཙོ་བོར་གྱུར་པའི་དགེ་ལས་ཡོངས་ལ། བོད་མིའི་སྤྱི་ཚོགས་ནང་སོ་སོའི་ངོ་བོ་འཛིན་ཕྱོགས་དང་། རིག་གཞུང་གཞན་གྱི་བར་འབྲེལ་བ་འཛིན་སྟངས་སོགས་ཀྱི་སྐོར་གསུང་བཤད་གནང་སྐབས། “མཛམ་གླིང་ག་བར་ཡིན་ན་ཡང་སོ་སོའི་སྤྱི་ཚོགས་ཀྱི་རིག་གཞུང་ནང་འཚར་ལོངས་བྱུང་རྗེས་རིག་གཞུང་གཞན་གྱི་ཁོར་ཡུག་གསར་པ་ཞིག་གི་ནང་ཕེབས་དགོས་བྱུང་ཚེ། གདོང་ལེན་བྱེད་དགོས་སའི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་རེད། ང་རང་ཚོ་བོད་པའི་གནས་སྟངས་ལ་ཆ་བཞག་ན། རྐྱེན་ངན་ཞིག་གི་དབང་གིས་སོ་སོའི་ལུང་པ་ཤོར་བ་རེད། ཡོང་འདོད་མི་འདོད་ཀྱི་སྐད་ཆ་ཁོ་རང་ཡོད་མ་རེད། སྲོག་འབེན་ལ་བཞག་ནས་རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གི་ནང་བྲོས་བྱོལ་དུ་ཡོང་བ་རེད། དེར་བརྟེན་ང་རང་ཚོའི་མི་ཐོག་རྒན་པ་དེ་ཚོ་དང་པོ་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་སྐབས། ངོ་ཤེས་པ་ས་དང་གནམ་མ་གཏོགས་ཡོད་མ་རེད། སྐབས་དེར་མི་མང་ཆེ་བས་རྒྱ་གར་འཕགས་པའི་ཡུལ་ཟེར་ནས་རྩ་ཆེན་པོ་བརྩི་བ་ཙམ་ལས། རྒྱ་གར་གྱི་ལུང་པའི་གནས་སྟངས་དང་ཡུལ་སྲོལ་གོམས་གཤིས་དེ་འདྲ་གང་ཡང་ཤེས་ཀྱི་ཡོད་མ་རེད། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་རིམ་གྱིས་རྒྱ་གར་གྱི་རིག་གཞུང་དང་ཁོར་ཡུག་སོགས་ལ་གོམས་འདྲིས་བྱས་ཏེ་མི་ལོ་༥༠ ལྷག་ཕྱིན་པ་ཡིན་ཙང་། ད་ལྟ་ལྟོས་ས་ལྟོས་འཇོག་གི་ཆ་ནས་ང་ཚོ་གང་འཚམས་ཀྱི་ཡག་པོ་ཆགས་ཡོད་རེད། ང་ཚོའི་བཙན་བྱོལ་གྱི་སྤྱི་ཚོགས་འདི་མི་འདྲ་བ་ཞིག་ཆགས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་མི་རབས་རྒན་པ་ཚོས་དཀའ་ལས་བརྒྱབས་པའི་བཀའ་དྲིན་རེད། དེའི་ཕྱིས་སུ་བོད་པ་མང་པོ་ཞིག་ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་སླེབས་ཡོད་རེད། དེར་བརྟེན་ཡུལ་ལུང་གཞན་པ་ཞིག་ལ་གསར་དུ་འབྱོར་སྐབས་ཡང་གཞི་ནས་འགྲོ་སྟངས་འདུག་སྟངས་གཙོས་པའི་ཡུལ་སྲོལ་གོམས་གཤིས་ཚང་མ་གསར་དུ་སྦྱང་དེ་མི་ཚེ་གསར་པ་ཞིག་གི་མགོ་བཙུགས་དགོས་ཀྱི་ཡོད་རེད། ཁོར་ཡུག་གསར་པ་ཞིག་གི་ནང་སླེབས་དུས་ཕྱོགས་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་བྱུང་གི་ཡོད་རེད། མང་པོ་ཞིག་གིས་ཨ་རི་ཟེར་དུས་བྱང་སྒྲ་མི་སྙན་ལྟ་བུར་མཐོང་གི་ཡོད་རེད། ཡིན་ན་ཡང་རིག་གཞུང་གཅེས་འཛིན་གྱི་ཐད་ནས་ང་ཚོར་དཀའ་ངལ་མང་པོ་ཞིག་ཡོད་རེད། གང་ཡིན་ཟེར་ན། ཕར་ཕྱོགས་ཀྱི་སྤྱི་ཚོགས་དེ་ཚོ་ཞེ་དྲག་གི་ཆེན་པོ་དང་ང་ཚོ་མི་ཉུང་ཉུང་ཡིན་པར་བརྟེན་དེའི་ནང་ཐིམས་འགྲོ་ཡི་ཡོད་རེད། དེར་བརྟེན་ང་ཚོར་དཀའ་ལས་ཆེ་ཤོས་དེ་མི་རབས་ཕྱི་མ་ཚོར་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་དེ་དག་རྩིས་ལེན་རྩིས་སྤྲོད་བྱེད་རྒྱུ་དེ་རེད”་ཅེས་གསུངས་སོིང་།

དེ་བཞིན་ཁོང་གིས་ད་ལྟའི་བར་མཁས་པ་ཚོས་རིག་གཞུང་ལ་མཚན་ཉིད་༡༥༠ ལྷག་བཞག་ཡོད་པ་ལས། འཛམ་གླིང་གི་རིག་གཞུང་ཁག་ཅིག་གིས་སྒེར་དོན་གཙོ་བོ་བྱེད་ཀྱི་ཡོད་པ་དང་། རིག་གཞུང་ཁག་ཅིག་གིས་སྤྱི་དོན་གཙོ་བོ་འཛིན་གྱི་ཡོད་ཚུལ་སོགས་བརྗོད་དེ་ཨ་རིའི་ལྟ་བུར་མཚོན་ན་མི་སྒེར་གྱི་ལྟ་བ་དང་འདོད་པ་གཙོ་བོ་བྱས་ཏེ། མི་སྒེར་གྱི་དགོས་མཁོ་དང་འདོད་པ་བསྐོང་ཐབས་གཙོ་བོར་བརྩི་ཡི་ཡོད་ཚུལ་སོགས་གསུངས་སོང་ལ། ཁོང་གིས་མཏམ་བཤད་ཚར་རྗེས་སློབ་མ་ཚོ་དང་མཉམ་དྲི་བ་དྲིས་ལན་གྱིས་བགྲོ་གླེང་ལྷུག་པོར་གནང་སོང་།

འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ནི་བོད་ནས་སྐྱེས་རྗེས་ཆུང་དུས་ནས་བཙན་བྱོལ་དུ་འབྱོར་ཏེ་གཞི་རིམ་སློབ་གྲྭ་ཐོན་མཚམས། ངྷ་སའི་རིགས་ལམ་སློབ་གཉེར་ཁང་དུ་སློབ་སྦྱོང་དང་། དེ་བཞིན་ངྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་ལོ་༡༣ ལྷག་གི་རིང་གསུང་བསྒྱུར་གྱི་ལས་ཀ་བྱས་མྱོང་ཡོད་འདུག་ལ། ཕྱིས་སུ་ཨ་རིར་འབྲེལ་བ་རིག་པའི་ཐོག་སློབ་སྦྱོང་བྱས་ཏེ་༢༠༠༩ ལོར་འབུམ་རམས་པའི་ལག་ཁྱེར་ཐོབ་ཡོད་འདུག ད་ལྟ་ཨ་རིའི་ཁ་ལེ་ཧྥོ་ནི་ཡཱ་མངའ་སྡེའི་ནང་གི་ (Fulleton University) ཞེས་པའི་གཙུག་ལག་སློབ་གྲྭའི་ནང་སློབ་དཔོན་གྱི་ཕྱག་ལས་གནང་གི་ཡོད་འདུག་པ་དང་། འདི་ལོའི་དབྱར་ཁའི་གུང་གསེང་སྐབས་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དབྱིན་ཡིག་སྡེ་ཚན་ནང་ཕྱག་ལས་གནང་ཞོར་དུ། དྷ་སའི་ཉེ་འཁོར་གྱི་སློབ་གྲྭ་དང་ཚོགས་སྡེ་ཁག་གི་ནང་ཡིག་སྒྱུར་དང་འབྲེལ་ལམ་རིག་པ་སོགས་བརྗོད་གཞི་ཁག་ཅིག་གི་ཐོག་གཏམ་བཤད་གནང་གི་ཡོད་པ་རེད་འདུག

Share this:
༡༣༨ ཀློག་གྲངས།