བོད་རིག་པའི་ཚོགས་འདུར་བོད་ནས་མང་པོ་བཅར་ཐུབ་མི་འདུག

kungyam1_2013_7_21སོག་པོའི་རྒྱལ་ས་ཨོ་ལན་པཱ་ཊོར་དུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་དེ་དབུ་འཛུགས་གནང་ཡོད་པ་དང་། ཚོགས་ཐོག་ཏུ་བོད་དང་རྒྱ་གར། ཕྱི་རྒྱལ་ཡུལ་ཁག་བཅས་ནས་བོད་རིག་པ་སྨྲ་བ་བཞི་བརྒྱ་ལྷག་འདུ་འཛོམས་ཀྱིས་མ་འོངས་པའི་ཉིན་བདུན་རིང་ཚོགས་ཆུང་ཁག་བགོས་ཀྱིས་མཁས་པ་སོ་སོའི་ཆེད་རྩོམ་སྒྲོགས་སྦྱང་གནང་རྒྱུ་རེད།

སོག་པོའི་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་དང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ། སོག་པོའི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་སློབ་གླིང་དང་སོག་པོའི་བོད་རིག་པའི་ཞིབ་འཇུག་ཚོགས་པ་བཅས་མཉམ་འབྲེལ་ཐོག དེ་རིང་ཕྱི་ཟླ་༧ ཚེས་༢༡ གཟའ་ཉི་མའི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ སྟེང་། སོག་པོའི་རྒྱལ་ས་ཨོ་ལན་པཱ་ཊོར་(Ulan Bator)གྱི་སོག་པོའི་རང་དབང་ཚོགས་ཁང་ཆེན་མོ་ཞེས་པ་རུ། ༼ རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ། ༽ ཞེས་པ་དེ་དབུ་འཛུགས་གནང་སོང་།

ཚོགས་འདུའི་སྐུ་མགྲོན་དུ་སོག་པོའི་རྒྱལ་སར་རྟེན་གཞི་བྱས་པའི་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་དང་། སོག་པོའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཏེ་ལོ་རིན་པོ་ཆེ། ཨ་རིར་རྟེན་གཞི་བྱས་པའི་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་བསྟི་གནས་ཁང་གི་འགན་འཛིན་ཨ་ཀྱ་རིན་པོ་ཆེ་སོགས་གཙོས། གདན་ཞུའི་ཚོགས་བཅར་བ་རྣམས་དང་ཟུར་ཉན་པ་བཅས་ཁྱོན་མི་གྲངས་ ༨༠༠ ཙམ་མཉམ་ཞུགས་གནང་འདུག

ཚོགས་འདུ་དངོས་གཞིར་རྒྱལ་ཁབ་ ༣༦ གི་བོད་རིག་པའི་མཁས་པ་ ༤༦༠ ཙམ་མཉམ་ཞུགས་གནང་ཡོད་པའི་ཁྲོད། བོད་ནང་ནས་ཕེབས་མཁན་པ་སངས་དབང་འདུས་དང་། གུ་གེ་ཚེ་རིང་རྒྱལ་པོ། ཐུབ་བསྟན་ཕུན་ཚོགས། རྒྱལ་མོའི་འབྲུག་པ། སྐྱབས་ཆེན་བདེ་གྲོལ་སོགས་མཁས་པ་ ༥༠ ལྷག་དང་། རྒྱ་གར་ནས་བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་དང་། ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་། ཤེས་རིག་ལས་ཁུངས་ཀྱི་ཉམས་ཞིབ་པ་ཆུང་ཚེ་རིང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ། སཱ་ར་མཐོ་སློབ་ཀྱི་དགེ་རྒན་བསོད་ནམས་རྒྱལ་མཚན། གཙང་ཕྲུག་སྟོབས་སོགས་མི་ ༣༠ ཡས་མས། དེ་མིན་རྒྱལ་ཁབ་གཞན་ནས་འབུམ་རམས་པ་ཚེ་རིང་ཤཀྱཱ་དང་། བཀྲེས་མཐོང་བསྟན་འཛིན་རྣམ་རྒྱལ་སོགས་ཕེབས་འདུག

kungyam_2013_7_21དབུ་འཛུགས་མཛད་སྒོའི་སྟེང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Charle Ramble)ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་ཚོགས་འདུར་ཐོག་མ་སྙན་ཞུ་འབུལ་མཁན་ ༧༣༠ ཙམ་བྱུང་ཡོད་པ་ལས། ཞིབ་འཇུག་ཆེད་རྩོམ་ ༦༤༠ ཙམ་ལེགས་བདམས་ཀྱིས་གདན་ཞུ་གནང་ཡོད་ཀྱང་། རྒྱ་ནག་གཞུང་གི་བཀག་སྡོམ་འོག་བོད་ནང་ནས་མངཔོ་ཞིག་ཕེབས་ཐུབ་ཡོད་མི་འདུག ད་རེབ་ཀྱི་ཚོགས་འདུ་ཕྱི་ཚེས་༢༡ ནས་ ༢༧ བར་འཚོག་རྒྱུ་ཡིན་པ་དང་། བོད་རིག་པའི་མཁས་པ་རྣམ་པའི་ཆེད་རྩོམ་ཁག་དབྱེ་བ་༡༧ ལ་བཀར་ཏེ་ཚོགས་ཆུང་ ༤༧ ལ་ཁག་བགོས་ཀྱིས་སྒྲོགས་སྦྱང་གནང་གི་ཡོད་པ་རེད།

ཚོགས་འདུ་དབུ་འཛུགས་ཐོག་སོག་པོའི་ཚན་རིན་ཞིབ་འཇུག་ལྟེ་གནས་ཀྱི་དབུ་འཛིན་(Ekhtushin)གྱིས། ལ་ཋིན་(Latin)གྱི་སྐད་དང་ཡི་གེས་དུས་རིམ་བར་མའི་ཡུ་རོབ་ཀྱི་རིག་གཞུང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བྱུང་བ་ཇི་བཞིན། བོད་ཀྱི་སྐད་དང་ཡི་གེ་ཡང་དུས་རབས་ ༡༦ ནས་ ༡༩ བར་སོག་པོའི་རིག་གནས་དང་རྩོམ་རིག ལག་རྩལ་སོགས་འཕེལ་རྒྱས་འགྲོ་བར་ཕྱག་རྗེས་ཆེན་པོ་བཞག་ཡོད་སྐོར་བརྗོད་སོང་།

དེ་རྗེས་སོག་པོའི་གཙུག་ལག་སློབ་གྲྭ་ཆེན་མོའི་དབུ་འཛིན་(A.GAL.TBAYAR)གྱིས། དེང་སྐབས་འཛམ་གླིང་ཡོངས་འབྲེལ་འདྲིས་ཧ་ཅང་སྟབས་བདེར་འགྱུར་བཞིན་པའི་སྐབས་འདིར། ནང་ཆོས་དང་བོད་རིག་པར་ཞིབ་འཇུག་བྱེད་མཁན་སོག་པོའི་མཁས་པ་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་པའི་མཁས་དབང་ཚོས་ཕན་ཚུན་ཐུག་འཕྲད་དང་། ཉམས་མྱོང་དང་གོ་རྟོགས་སྤེལ་རེས་སོགས་ཞིབ་འཇུག་གི་ཁྱབ་ཁོངས་ཇེ་ཡངས་སུ་གཏོང་གི་ཡོད་སྐོར་བརྗོད་སོང་།

སོག་པོའི་ནང་པའི་ལྟེ་གནས་ཀྱི་ཚོགས་གཙོ་བཀའ་བཅུ་པ་རྒྱ་མཚོས། “བོད་གངས་ཅན་གྱི་བོད་མི་ཚོས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་རྒྱ་གར་འཕགས་པའི་ཡུལ་ནས་ཐུབ་པའི་བསྟན་པ་བོད་དུ་གདན་འདྲེན་ཞུས་པ་མ་ཟད། ཁོང་ཚོས་རྩ་ཆེའི་རིག་གཞུང་དེ་ཉིད་རྒྱུན་འཛིན་དང་གོང་འཕེལ་གཏོང་བར་མཛད་རྗེས་ཆེན་པོ་བཞག་ཡོད་ལ། དེང་སང་འཛམ་གླིང་གང་སར་བོད་ཀྱི་ནང་ཆོས་དང་དེའི་ཁྱད་དུ་འཕགས་པའི་ཤུལ་བཞག་རིག་གནས་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ལྷག་པར་བོད་ཀྱི་རིག་གཞུང་ལ་དགའ་དད་དང་ཞིབ་འཇུག་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ང་ཚོ་ཆེན་པོ་ཧོར་གྱི་སོག་རིགས་ཚོས་བོད་གངས་ཅན་གྱི་ཡུལ་ནས་དམ་པའི་ཆོས་གདན་དྲངས་པ་དེས་ང་ཚོའི་རིག་གཞུང་སོགས་ཕྱོགས་ཡོངས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། དེའི་སྟབས་ཀྱིས་ང་ཚོས་ནམ་རྒྱུན་བོད་ཀྱི་རིག་གཞུང་དང་བོད་མི་རྣམས་ལ་གུས་བརྩི་བྱེད་བཞིན་ཡོད་ལ། བོད་སོག་མི་རིགས་གཉིས་ནི་དམ་པའི་ཆོས་ཀྱི་སྤུན་མཆེད་དུ་བརྩི་བཞིན་ཡོད” ཅེས་བརྗོད་སོང་།

kungyam2_2013_7_21རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཆཱར་ལེ་རཱམ་བྷེལ་གྱིས “ ཐེངས་འདིའི་ཚོགས་འདུར་སྙན་ཞུ་འབུལ་མཁན་ ༧༣༠ ཙམ་བྱུང་ཡོད་པ་དང་། དེ་དག་ལས་ཞིབ་འཇུག་རྩོམ་ཡིག་ ༦༤༠ ཙམ་ཐོ་འགོད་བྱས་ཡོད་ཀྱང་། བོད་ནང་ནས་མང་པོ་ཞིག་ཐེངས་འདིའི་ཚོགས་འདུར་ཞུགས་ཐུབ་ཡོད་པ་མ་རེད། དེ་སོག་པོའི་གཞུང་གིས་བཀག་པ་མ་རེད་ལ། ལམ་གྲོན་སོགས་ཆ་རྐྱེན་གྱིས་མ་འདང་པའང་མ་རེད། དེ་རིང་ཚོགས་ཐོག་ཏུ་གནས་ཚུལ་འདི་གསལ་བོ་ཞིག་མ་ཞུས་ན། ང་ཚོགས་གཙོས་དྲང་བདེན་ལ་བརྩི་སྲུང་མ་བྱས་པ་རེད། རྒྱ་གཞུང་གིས་བོད་རིག་པའི་ཞིབ་འཇུག་པ་མང་པོ་ཞིག་བཀག་འགོག་བྱས་པ་དེས་བོད་རིག་པའི་དཔལ་ཡོན་དེ་འཛམ་གླིང་གི་ཞིབ་འཇུག་ཁྱབ་ཁོངས་སུ་འཛུལ་རྒྱུའི་གོ་སྐབས་ཕྲོགས་པ་རེད། གལ་སྲིད། བོད་ནང་གི་ཞིབ་འཇུག་པ་མང་པོ་ཞིག་འཛུལ་ཞུགས་ཐུབ་ཡོད་ན། འཛམ་གླིང་གི་ཞིབ་འཇུག་བྱེད་ཕྱོགས་དང་རིག་ལམ་སྣ་ཚོགས་སོགས་དངོས་སུ་མྱོང་ཐུབ་ཀྱི་ཡོད་པ་རེད” ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་དོན།  “ ཐེངས་འདིའི་ཚོགས་འདུ་ནི་ཕྱོགས་ཡོངས་ནས་རྒྱ་ཆེ་ཤོས་དེ་ཆགས་ཡོད། དཔེར་ན། ཞིབ་འཇུག་རྩོམ་ཡིག་གི་བརྗོད་བྱ། ཡིག་ཚགས་རིག་པ། གནམ་གཤིས་འགྱུར་ལྡོག སྤྱི་ཚོགས་ལོ་རྒྱུས་སོགས་རེད་འདུག དེ་མཚུངས་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་ ༣༦ ནས་ཚོགས་འདུའི་དངོས་གཞིར་ཚོགས་མི་ ༤༦༠ ལྷག་མཉམ་ཞུགས་བྱས་ཡོད་” ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ། རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཀྱི་དམིགས་ཡུལ་དང་ཚོགས་མིའི་ཆ་རྐྱེན། ལས་དོན་གྱི་གྲུབ་འབྲས་དང་མ་འོངས་པའི་འཆར་གཞི། ལྷག་པར་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཚོགས་འདུ་ཐེངས་བཞི་པ་དེ་(German)གྱི་གྲོང་ཁྱེར་(Leipzig)ནང་ཚོགས་རྒྱུ་ཡིན་པའི་གནས་ཚུལ་བཅས་ཁྱབ་བསྒྲགས་བྱས་སོང་།

སོག་པོའི་རྒྱལ་ས་ཨོ་ལན་པཱ་ཐུར་ནས་རྨེའུ་དཀོན་རྒྱམ་ནས་གནས་ཚུལ་མཁོ་གཏོང་བྱས།

Share this:
༡༢༦ ཀློག་གྲངས།