མཛོད་དགེ་རུ་རང་ལུས་མེར་སྲེག

2013_7_22

བོད་མདོ་སྨད་རྔ་པ་ཁུལ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་དཀོན་མཆོག་བསོད་ནམས་ཀྱིས། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བྱས་ཏེ་སྐུ་གྲོངས་ཡོད་པ་རེད།

 

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༠ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་༨།༤༠ ཡས་མས་སུ། བོད་མདོ་སྨད་རྔ་པ་ཁུལ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་དཀོན་མཆོག་བསོད་ནམས་ཀྱིས་སོག་ཚང་དགོན་པའི་ཉེ་འཁྲིས་སུ། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་པ་རེད། ཁོང་གིས་རང་ལུས་མེར་སྲེག་གཏོང་སྐབས་ལུས་ནས་མེ་ལྕེ་དྲག་པོ་འབར་བཞིན་ལག་གཉིས་ཐལ་མོ་སྦྱར་ཏེ་ངག་ནས་མང་པོ་ཞིག་བརྗོད་ཀྱི་ཡོད་པ་ཉེ་འཁོར་གྱི་དགེ་འདུན་པ་ཚོས་མཐོང་ཡོད་འདུག

2013_7_22ཁོང་སྐུ་གྲོངས་རྗེས་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་མང་པོ་དགོན་པར་འབྱོར་ཏེ་ཕུང་པོ་རྒྱ་ལག་ཏུ་རྩིས་སྤྲོད་བྱེད་དགོས་ཚུལ་བརྗོད་ཡོད་འདུག་ན་ཡང་། སྐབས་དེར་ས་གནས་མང་ཚོགས་ཀྱིས་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་ལྷ་ཁང་ཞིག་ཏུ་གདན་འདྲེན་གྱིས་གྲྭ་མང་གིས་བསྔོ་སྨོན་གསུངས་ཡོད་འདུག

དགེ་འདུན་པ་ཁོང་ནི་ཐང་སྐོར་སོག་ཚང་སྡེ་བའི་ཕ་བསོད་ནམས་དཔལ་ལྡན་དང་མ་ལན་ཕྲུག་གཉིས་ཀྱི་བུ་ཡིན་འདུག་པ་དང་། ཁོང་གིོས་རང་ལུས་མེར་བཏང་རྗེས་ཁུལ་དེའི་བརྒྱུད་ལམ་ཁག་ཚང་མ་རྒྱ་གཞུང་གིས་བཀག་སྡོམ་བྱས་པར་བརྟེན། དེའི་རྗེས་སུ་ས་གནས་སུ་དེ་དང་འབྲེལ་བའི་གནས་ཚུལ་གང་བྱུང་ཡོད་མེད་ཤེས་རྟོགས་ཐུབ་མེད་པ་རེད།

Share this:
༡༡༥ ཀློག་གྲངས།