ཀན་སུའུ་ཏི་ཞིར་ས་ཡོམ་བརྒྱབས་ཏེ་མི་༥༦ རྐྱེན་ལམ་དུ་བཏང་བ།

2012_7_22_1

ཕྱི་ཚེས་༢༢ ཉིན་རྒྱ་ནག་ཀན་སུའུ་ཏི་ཞི་གྲོང་ཁྱེར་གྱི་མན་ཞེ་རྫོང་དང་ཀྲང་ཞེ་རྫོང་གཉིས་ཀྱི་ས་མཚམས་སུ་ས་ཡོམ་བརྒྱབས་ཏེ། མི་༥༦ འདས་གྲོངས་དང་མི་༤༡༢ ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།

དེའང་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་༧ དང་སྐར་མ་༤༥ ཐོག  རྒྱ་ནག་ཀན་སུའུ་ཞིང་ཆེན་ཏི་ཞི་གྲོང་ཁྱེར་མན་ཞེ་རྫོང་དང་ཀྲང་ཞེ་རྫོང་གཉིས་འདབས་འབྲེལ་ས་ཁུལ་དུ་ས་ཡོམ་ཚད་རིམ་༦.༦ ཅན་ཞིག་བརྒྱབས་ཏེ། མི་༥༦ ཙམ་འདས་གྲོངས་སུ་གྱུར་ཡོད་པ་དང་མི་༤༡༢ ཙམ་ལ་རྨས་སྐྱོན་བཟོས་ཡོད་འདུག ཏི་ཞི་གྲོང་ཁྱེར་སྲིད་གཞུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་གཙོ་བོ་དེ་ཕུ་མཱ་གྲོང་བརྡལ་དང་མན་ཁྲང་གྲོང་བརྡལ། ཀྲང་ཀྲེ་གྲོང་བརྡལ་བཅས་ཡིན་པ་དང་། གཞན་ཀྲང་ཞེ་རྫོང་གི་ཧྲི་ཁྲོན། སི་ཙོན། མཱ་ཆོན། ཚཱོ་ཐེ། ཏུང་ཆོན། ཏའ་ཚཱོ་ཐེ། ཅིན་ཀྲང་། ཡུང་པུ་ཆོ་བཅས་གྲོང་དང་གྲོང་བརྡལ་༨ ལྷག་ལ་གནོད་སྐྱོན་ཅུང་ཚབས་ཆེན་བཟོས་ཡོད་པར་བརྟེན། གནོད་ཐེབས་ས་ཁུལ་དུ་བརྡ་འཕྲིན་བརྒྱུད་ལམ་འགག་པ་དང་གློག་ཆད་པ། ས་ཉིལ་དང་ཆུ་རུད་སོགས་རྒྱུན་མ་ཆད་པར་བྱུང་བཞིན་ཡོད་འདུག

ས་ཡོམ་བྱུང་བའི་རྗེས་ས་གནས་གཞུང་གིས་དམག་མི་དང་ས་ཡོམ་མྱུར་སྐྱོབ་རུ་ཁག མེ་གསོད་རུ་ཁག  དྲག་ཆས་ཉེན་རྟོག་པ་བཅས་༣༠༠༠ ལྷག་ཙམ་གནོད་ཐེབས་ས་ཁུལ་དུ་ཆེད་གཏོང་གིས་མྱུར་སྐྱོབ་ལས་དོན་སྒྲུབ་བཞིན་ཡོད་པ་རེད་འདུག

གོང་དུ་བཀོད་2012_7_22_1པའི་འདས་གྲོངས་སུ་སོང་བ་དང་རྨས་སྐྱོན་ཕོག་པའི་གྲངས་ཀ་དེ་གསར་འགྱུར་འདི་འབྲི་བཞིན་པའི་སྐབས་བརྒྱུད་ལམ་ཁག་ཏུ་ཐོན་པ་ལྟར་ཡིན་པ་ལས། གྲངས་ཀ་ད་དུང་དེ་ལས་མང་བ་འཕར་སྲིད་པ་ཞིག་རེད།

Share this:
༦༤ ཀློག་གྲངས།