པོའོ་ཞི་ལའེ་ལ་དངོས་སུ་ཁྲིམས་ཐག་གཅོད་རྒྱུ་རེད།

images1234རྒྱ་ནག་ཞིབ་དཔྱོད་ཚན་པས་ཟླ་འདིའི་ཕྱི་ཚེས་༢༥ ཉིན། ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་པོའོ་ཞི་ལའེ་ལ་དངོས་སུ་ཁྲིམས་གཤེར་བྱས་ཏེ། ཁོང་ལ་ལྐོག་རྔན་ལེན་པ་དང་ལྐོག་ཟ་རུལ་སུངས། དེ་བཞིན་དབང་ཆ་བེད་སྤྱོད་ལོག་པར་བཏང་བའི་ཉེས་འཛུགས་བྱས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཧྲེ་ཏུང་ཅིང་ནེ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཅིང་ནེ་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གཉིས་པར། རང་ལོ་༦༤ ཡིན་པའི་པོའོ་ཞི་ལའེ་ཡི་གྱོད་དོན་ཁྲིམས་གཏུགས་བྱས་ཡོད་པ་མ་ཟད། ཉེས་པ་ཁ་ཤས་ཤིག་ལ་ཁྲིམས་ཆད་གཅོད་རྒྱུའི་རེ་འདུན་ཞུས་ཡོད་འདུག  ཡིན་ནའང་ཁྲིམས་ཞིབ་བྱེད་པའི་ཟླ་ཚེས་སོགས་གསལ་བྱེད་བྱས་མེད་པ་རེད།

དེའི་སྔོན་དུ་BBC གསར་ཁང་ལ་ཁྲུང་ཆིང་གི་གནས་ཚུལ་ཡོང་ཁུངས་ཤིག་ནས་བདེན་དཔང་བྱས་པ་ལྟར་ན། རེས་གཟའ་མིག་དམར་(ཕྱི་ཚེས་༢༣) ཉིན་ཁྲུང་ཆིང་གྲོང་ཁྱེར་དུ་འཚོགས་འདུ་བསྐོངས་ཏེ། པོའོ་ཞི་ལའེ་ཡི་འབྲེལ་ཡོད་ཁྲིམས་སྦྱོར་ཡིག་ཆ་ཕྱིར་བསྒྲགས་བྱས་ཡོད་པ་དང་། པོའོ་ཞི་ལའེ་ཡི་གྱོད་གཞི་མགྱོགས་མྱུར་ངང་ཁྲིམས་ཞིབ་བྱེད་རྒྱུའི་བརྡ་ལན་བསྐྱལ་ཡོད་པ་རེད།

ཤིན་ཧྭ་གསར་ལས་ཁང་གིས་པོའོ་ཞི་ལའེ་ཡི་ཁྲིམས་བཤེར་སྐོར་གྱི་གནས་ཚུལ་སྤེལ་བའི་རྗེས། རྒྱ་ནག་གི་“མི་མང་དྲ་བ་”དང་“རྒྱ་ནག་མི་མང་ཀུན་ཁྱབ་རླུང་འཕྲིན་ལས་ཁང་གི་དྲ་རྒྱ་”སོགས་སུ་དེ་མ་ཐག་དཔྱད་བརྗོད་ཀྱི་རྩོམ་ཡིག་སྤེལ་སྟེ། བློ་བརྟན་འགྱུར་མེད་ཀྱིས་དབུས་གཞུང་གི་ཐག་གཅོད་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བྱས་འདུག

མི་དམངས་དྲ་བའི་ཐོག་སྤེལ་བའི་དཔྱད་བརྗོད་རྩོམ་ཡིག་ནང་འཁོད་པ་ལྟར་ན། “པོའོ་ཞི་ལའེ་ལ་ཁྲིམས་གཤེར་བྱས་པ་དེས་དབུས་གཞུང་གིས་ཉེས་སྐྱོན་དང་བྲལ་བའི་ཏང་གི་སྲིད་དབང་འཛུགས་བསྐྲུན་ལ་ཤུགས་སྣོན་དང་ལྐོག་ཟ་རུལ་སུངས་ལ་རྒོལ་བའི་བློ་ཐག་རྦད་གཅོད་ཀྱི་ཁ་ཕྱོགས་དང་རྣམ་འགྱུར་གསལ་པོར་མངོན་ཡོད་པ་མ་ཟད། རྒྱ་ནག་མི་མང་དུང་ཕྱུར་༡༣ ལ་“ཤ་སྦྲང་གཙང་སེལ་”དང་“སྟག་རྒན་ཕམ་པར་བརྒྱབ་པའི་” (དཔོན་ངན་མགོ་རྟིང་སློག་པའི་) གཟི་བརྗིད་ལྡན་པའི་ཁས་ལེན་ཁ་བཤད་དོན་འཁྱོལ་བྱས་ཡོད་པ་རེད་”ཅེས་འཁོད་འདུག

རྒྱ་ནག་མི་མང་ཀུན་ཁྱབ་རླུང་འཕྲིན་ལས་ཁང་གིས་སྤེལ་བའི་དཔྱད་བརྗོད་ནང་དུ། “རྒྱ་ནག་ནི་ཁྲིམས་ཀྱིས་བསྐྱངས་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། རྩ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན། དམར་ཤོག་ཚོགས་མའི་ནང་གི་བློ་མཐུན་སུ་ཡིན་ནའང་། གོ་ས་མཐོ་དམན་དང་དབང་ཆ་ཆེ་ཆུང་ལ་མ་ལྟོས་པར་ཏང་གི་སྒྲིག་གཞི་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་མདུན་དུ་འདྲ་མཉམ་ཡིན། དབང་ཆ་ལ་དམིགས་བསལ་མེད། ཏང་གི་ཚོགས་མི་ལ་དམིགས་བསལ་མེད། ད་དུང་སྤྱི་དམངས་ལའང་དམིགས་བསལ་མེད་”ཅེས་འཁོད་འདུག

ཤིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་ཞིབ་དཔྱོད་ཚན་པས་ཁྲིམས་བཤེར་བྱེད་པའི་སྐབས་སུ་ཁྲིམས་ལུགས་གཞིར་བཟུང་སྟེ། ཉེས་འཛུགས་བྱེད་ས་པོའོ་ཞི་ལའེ་ལ་ཞུ་གཏུག་གི་དབང་ཆ་སྤྲད་ཡོད་པ་མ་ཟད། ཉེས་ཅན་པར་འདྲི་རྩད་དང་། ཁོང་རང་གི་དག་འབུད་བྱེད་མཁན་གྱི་བསམ་ཆར་ལ་ཡང་ཉན་ཡོད་པ་རེད།

“ཅིང་ནེ་གྲོང་ཁྱེར་མི་མང་ཞིབ་དཔྱོད་ཁང་གིས་ཁྲིམས་བཤེར་ཡི་གེའི་ཉེས་འཛུགས་ནི། ཉེས་ཅན་པ་པོའོ་ཞི་ལའེ་རྒྱལ་ཁབ་ཀྱི་གནད་ཡོད་ལས་བྱེད་མི་སྣ་ཡིན་པ་དང་། ལས་གནས་ཐོག་གི་དབང་ཆ་བེད་སྤྱོད་བཏང་ནས་མི་གཞན་གྱི་ཆེད་དུ་ཁེ་ཕན་བསྒྲུབས་པ། ཁྲིམས་འགལ་གྱིས་མི་གཞན་གྱི་རྒྱུ་ནོར་ཟ་བ། གྲངས་འབོར་ཧ་ཅང་ཆེ་བབའི་གཞུང་གི་མ་དངུལ་ལྐོག་ཟ་བྱས་པ། དབང་ཆ་བེད་སྤྱོད་ལོག་པར་བཏང་ནས་རྒྱལ་ཁབ་དང་མི་མང་གི་ཁེ་ཕན་ལ་གྱོང་གུད་ཚབས་ཆེན་བཟོས་པ་དེ་དག་གནད་དོན་ཧ་ཅང་ཚབས་ཆེན་རེད་”ཅེས་འཁོད།

ཤིན་ཧྭ་དྲ་བའི་ཐོག་སྤེལ་བའི་གནས་ཚུལ་དེའི་ནང་དུ་ལྐོག་ཟ་བྱས་པའི་གྲངས་ཀ་ཁ་གསལ་འཁོད་མེད་ནའང་། ཧོང་ཀུང་གི་བརྒྱུད་ལམ་ཁག་ཏུ་རེས་གཟའ་ལྷག་པ་(ཟླ་འདིའི་ཕྱི་ཚེས་༢༤ ཉིན) གནས་ཚུལ་སྤེལ་བ་ལྟར་ན། པོའོ་ཞི་ལའེ་ཡིས་ལེའོ་ནི་རུ་འགན་དབང་ཁུར་བའི་རིང་ལྐོག་རྔན་ལེན་པའི་གྲངས་ཀ་རྒྱ་སྒོར་ཁྲི་༢༠༠༠ བརྒལ་ཡོད་པ་དང་། ལྐོག་ཟ་རུལ་སུངས་ཀྱི་གྲངས་ཀ་རྒྱ་སྒོར་ཁྲི་༥༠༠ ཟིན་ཡོད་འདུག

པོའོ་ཞི་ལའེ་ནི་ལོ་སྔོན་མའི་ཕྱི་ཟླ་༣ པའི་ནང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རྗེས་ནས་བཟུང་མི་རྣམས་ཀྱི་མཐོང་ལམ་དུ་མེད་པར་གྱུར་ཡོད་པ་དང་། ཁོང་གི་གྱོད་གཞི་ཁྲིམས་བཤེར་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཐེངས་མང་ཁྱབ་ཡོད།

ན་ནིང་གི་ཕྱི་ཟླ་༨ པའི་ནང་པོའོ་ཞི་ལའེ་ཡི་བཟའ་ཟླ་གུའུ་ཁེ་ལའེ་ལ་དབྱིན་ཇིའི་མི་སེར་ཡིན་པའི་ཚོང་པ་ཧེ་ཝུ་ཊི་བསད་པའི་ཉེས་མིང་འོག་སྲོག་ཁྲིམས་ཕྱིར་འགྱངས་ཀྱི་ཁྲིམས་ཐག་བཅད་ཡོད་པ་དང་། ཨ་རིའི་ཁྲིན་ཏུའུ་རུ་བཅའ་སྡོད་གཞུང་ཚབ་ཁང་དུ་བྲོས་བྱོལ་བྱས་པར་བརྟེན་ནས་རྙོག་གླེང་ཚང་མ་ཕྱིར་གྱར་བའི་ཁྲུང་ཆིང་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་ཟུར་པ་ཝང་ལི་ཅུན་ལ་ན་ནིང་ཕྱི་ཟླ་༩ པའི་ནང་ལོ་༡༥ ཡི་ཁྲིམས་ཐག་བཅད་ཡོད་པ་རེད།

རྒྱ་ནག་གི་རང་དབང་གསར་འགོད་པ་དང་དཔྱད་བརྗོད་པ། ཆེད་བརྗོད་རྩོམ་པ་པོ་གོ་ཡུང་གིས་BBC བཅར་འདྲི་དང་ལེན་བྱེད་སྐབས་དབྱེ་ཞིབ་བྱེད་དོན། རྒྱ་ནག་གཞུང་གིས་པོའོ་ཞི་ལའེ་ལ་ཉེས་འཛུགས་བྱས་པའི་ནང་དུ་ཚད་མཐོའི་ཆབ་སྲིད་ཀྱི་རྒྱུ་རྐྱེན་འདུག  “བསམ་བཞིན་དུ་ཆབ་སྲིད་ཐོག་གི་མི་མཐུན་པའི་ལྟ་བ་འགེབས་སྲུང་བྱས་ཡོད་པ་རེད་”ཅེས་བརྗོད་འདུག

གོ་ཡུང་གིས་ངོས་འཛིན་བྱས་དོན། “པོའོ་ཞི་ལའེ་ཡིས་རྒྱ་ནག་དམར་ཤོག་ཆབ་སྲིད་རྒྱུན་ལས་ཁང་གི་རྒྱུན་ལས་བྱས་མྱོང་བ་དང་། རྒྱལ་ཁབ་དང་དམར་ཤོག་ཚོགས་པའི་གསང་བ་ཧ་ཅང་ཚད་མཐོན་པོ་ཤེས་ཀྱི་ཡོད་རེད། དེར་བརྟེན། ཁོང་ལ་ཡོངས་གྲགས་ཀྱི་སྒོ་ནས་འདྲི་གཅོད་དང་ཁྲིམས་གཏུག་བྱེད་སྲིད་ཀྱི་མ་རེད་”ཅེས་བརྗོད་འདུག །

Share this:
༧༠ ཀློག་གྲངས།