རྒྱ་གཞུང་གི་མདོ་སྨད་མཛོད་དགེ་རྫོང་། ཐང་སྐོར་དུ་དམ་དྲག

རྒྱ་ནག་གཞུང་གིས་བོད་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་། ཐང་སྐོར་སོགས་ཚང་དགོན་དུ་བོད་མི་འཛིན་བཟུང་ཇེ་མང་དང་དམ་དྲག་ཤུགས་ཆེ་རུ་བཏང་བ་མ་ཟད། མི་བརྒྱད་གང་དུ་ཁྲིད་མིན་གྱི་གནས་སྟངས་གསལ་པོ་མེད་པ་རེད།

དེ་ཡང་འབྲེལ་ཡོད་ཀྱིས་ཕྱི་ཟླ་༧ ཚེས་༢༩ ཉིན་གནས་ཚུལ་བཏང་བ་ལྟར་ན།  ཕྱི་ཟླ་༧ ཚེས་༢༠ ཉིན་དཀོན་མཆོག་བསོད་ནམས་གྱིས་རྒྱ་གཞུང་ལ་རང་ལུས་མེར་སྲེག་གི་ངོ་རྒོལ་བྱས་ཏེ། སྐུ་གྲོངས་རྗེས་རྒྱ་ནག་གཞུང་གིས་ས་གནས་ཀྱི་མི་མང་པོ་འདྲི་གཅོད་དང་། བཀག་ཉར་བྱས་ཡོད་པ་དང་། འཛིན་བཟུང་བཙན་ཁྲིད་པའི་བྱས་པའི་ནང་ནས་མི་༨ ད་ལྟ་གར་སོང་ཆ་མེད་ཀྱི་གནས་སུ་གྱུར་བས་ཁོང་རྣམ་པའི་ནང་མི་དང་སོག་ཚང་དགོན་གྲོང་གཉིས་ཀྱིས་ཧ་ཅང་གི་བློ་ཕམ་དང་སེམས་ཁུར་གྱི་ནང་ལ་ལྷུང་འདུག

རང་ལུས་མེར་སྲེག་གི་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་དཀོན་མཆོན་བསོད་ནམས་ཀྱི་དགེ་རྒན་ཀླུ་སྒྲུབ་བཟོད་པ་ལ་ཐེངས་ཁ་ཤས་ཚ་འདྲི་ནན་མོ་བྱས་ནས་ད་ལྟ་ཕྱིར་བཏང་ཡོད་པ་དང་། དེ་ནས་ཁོང་གི་ཨ་མ་དང་སྤུན་མཆེད་སོགས་གྲྭ་བ་སྐོར་ཞིག་གནས་སྐབས་ཀྱི་ཕྱིར་བཏང་འདུག (དཀོན་མཆོན་བསོད་ནམས་ལགས་ཀྱི་སྤུན་མཆེན་གྱི་མིང་ལ་ཇོ་བརྩི་འབོད་པ་ནི་ཡུལ་མི་ཚོས་མིང་འབོད་སྟངས་ཤིག་ཡིན་པ་ལས་། མིང་དངོས་ལ་འཇིགས་བྱེད་སྐྱབས་ཟེར།)

ཡིན་ན་ཡང་ཕྱིར་བཏང་པའི་བོད་མི་ཚོར་བཙན་བཀའ་བཏང་སྟེ། ང་ཚོ་ཉེན་རྟོག་པ་ནམ་ཡིན་ཡང་ཁྱོད་ཚོ་ཁྲིད་པར་ཡོང་ངེས་ཡིན་པས། ཁྱེད་ཚོ་རང་གནས་ནས་ཕར་ཚུར་ལ་སོང་ན་མི་ཆོག་པ་མ་ཟད། མི་གཞན་ལ་ང་ཚོས་ཁྱོད་ཚོར་སྐད་ཆ་ཅི་ཞིག་དྲིས་པ་སོགས་མི་གཅིག་ལ་ཡང་བཤད་མི་ཆོག་ཅེས་བཙན་བཀའ་བཏང་འདུག །

དེ་བཞིན་དཀོན་མཆོག་བསོད་ནམས་ཀྱི་སྐུ་ཕུང་གི་པར་ཕྱིའི་གསར་འགྱུར་སྟེང་ལ་སུས་བསྐུར་པ་དང་། ད་ལྟའི་ཐང་སྐོར་དགོན་པའི་གནས་ཚུལ་སུས་ཕྱི་རུ་སྒྲོག་གི་ཡོད་པའི་གནས་ཚུལ་སོགས་སྔོག་བཤེར་དང་རྩད་གཅོད་ནན་མོ་བྱེད་བཞིན་འདུག ད་ལྟ་ཐང་སྐོར་དགོན་པའི་དགོན་དཀྱིལ་དང་དགོན་མཐར་རྒྱ་གཞུང་གིས་གསང་བའི་བརྙན་ལེན་འཕྲུལ་ཆས་བཞག་ཡོད་པ་དང་དགོན་པའི་དགེ་འདུན་པ་རྣམས་ཀྱིས་གསང་བའི་འཕྲུལ་ཆས་དེར་ཧ་ཅང་མ་དགའ་བའི་རྣམ་འགྱུར་བསྟན་པ་མ་ཟད། གྲྭ་པ་ཁ་ཤས་ཀྱིས་དེ་ལ་རྡོ་བརྒྱབ་པའི་གནས་ཚུལ་ཡང་བྱུང་འདུག

ཐང་སྐོར་སོག་ཚང་དགོན་པ་ནང་གི་གྲྭ་ཤག་རྣམས་རྒྱ་གཞུང་གིས་བཙན་སྔོག་བྱས་ནས་གློག་ཀླད་དང་ཁ་པར་མང་པོ་ཀྱང་བཙན་འཕྲོག་བྱས་ཡོད་འདུག

ཐང་སྐོར་དགོན་གྲོང་གཉིས་ཀྱི་བོད་མི་༨ གློ་བུར་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་གིས་གར་ཁྲིད་ཆ་མེད་དུ་གྱུར་ཡོད་པ་དང་། དེ་ཡང་༡ བློ་བཟང་ཆོས་འབྱོར། ༢ དགེ་ལེགས་ཆོས་འཕེལ། ༣ མི་སྐྱ་སྐལ་བཟང་དབྱིག་གཉེན། ༤ དཔལ་ལྡན་རྒྱ་མཚོ།  ༥ སངས་རྒྱས་དཔལ་ལྡན།   ༦ ཏིང་འཛིན་ནམ་བསྟན་འཛིན། (མིང་ཆ་ཚང་ལ་བསྟན་འཛིན་རྒྱ་མཚོ)  ༧ དཔལ་ལྡན་དབྱིག་གཉེན། ༨ གྲྭ་པ་ཤེས་རབ་བཅས་ཡིན་པ་རེད།

གནས་ཚུལ་སྔོན་མ།
http://www.tibetexpress.net/bo/home/2010-02-04-05-37-19/10879-2013-07-22-05-18-53

Share this:
༡༢༥ ཀློག་གྲངས།