བོད་པ་ཡིན་པའི་འདུ་ཤེས་དགོས།

 ཁྲིམས་ལུགས་སློབ་མ་བློ་བཟང་གྲགས་པ།
སྤྱིར་མི་རིགས་ཀྱི་འདུ་ཤེས་ནི་རང་ཉིད་ཀྱི་མི་རིགས་ལ་དུང་ཞེན་དང་རང་ཉིད་མི་རིགས་ཀྱི་ངོ་བོ་གོང་མཐོར་འདེགས་པའི་རྒྱུད་རིམ་ཁྲོད། རང་ཉིད་ཀྱིས་མི་རིགས་ལ་བཅངས་བའི་བརྩེ་སེམས་ལས་བྱུང་བའི་འོས་འགན་སོགས་འཛེམས་ཟོན་མེད་པར་བསྒྲུབ་ཐབས་བྱེད་པ་ནི་མི་རིགས་འདུ་ཤེས་ཀྱི་སྤྱི་ཡོངས་སུ་ཁྱབ་པའི་ཚད་གཞི་ངེས་ཅན་དེ་རེད།

མི་ཞིག་ལ་མི་རིགས་ཀྱི་འདུ་ཤེས་མེད་གྱུར་ན། མི་དེས་རང་ཉིད་ཀྱི་ངོ་བོ་རྟོགས་ཐུབ་ཀྱི་མ་རེད་ལ། དཀར་ནག་ཤན་འབྱེད་ཀྱི་མིག་ཟུང་ལྡོང་ནས་ལེགས་ཉེས་བླང་དོར་གྱི་གནས་ལའང་རྨོངས་པར་གྱུར་རྒྱུ་ནི་སོམ་ཉི་མེད་པའི་དོན་དངོས་ཤིག་རེད། ཇི་སྐད་དུ་མི་རིགས་ཀྱི་འདུ་ཤེས་མེད་པ་དག་ནི་ཚོང་པ་ཡིན་ཡང་ཚོང་ལས་མེད་པ་དང། ཞིང་པ་ཡིན་ཡང་ཞིང་ལས་མེད་པ་ལྟར་རེད་ཅེས་གསུངས་པ་ལྟར། མི་རིགས་ཀྱི་འདུ་ཤེས་དགོས་པ་ནི་ཧ་ཅང་གི་གལ་འགངས་ཆེ་བའི་གནད་དོན་ཞིག་རེད།

མ་གཞི་མི་རིགས་ཀྱི་འདུ་ཤེས་ནི་རང་བྱུང་ལྷན་སྐྱེས་སུ་ཡོང་བ་ཞིག་དང་དུས་དང་ཁོར་ཡུག་གི་རྐྱེན་པས་ཡོང་བ་སོགས་འདྲ་མིན་ཡོད་པ་དང་། དེ་ཡང་གཙོ་བོ་གང་ཟག་ག་གེ་མོ་རང་ཉིད་གནས་སྡོད་ཀྱི་ཁོར་ཡུག་དང་གཡས་གཡོན་གྱི་འཕོ་གྱུར་སོགས་རབ་དང་རིམ་པ་བརྒྱུད་ནས་སླེབས་ཐུབ་པ་ཞིག་རེད་མོད། མཚམས་རེར་སོ་སོ་རང་ཉིད་ཀྱི་གནས་སྟངས་དང་ངོ་བོ་ངོས་འཛིན་མི་ཐུབ་པ་དང་ངོས་འཛིན་བྱེད་པའི་བློ་སྤོབས་མེད་པ་དང་། ངོས་འཛིན་བྱེད་པའི་ཆོད་སེམས། ངོས་འཛིན་བྱེད་པའི་ཁོར་ཡུག་མེད་པ་སོགས་ལ་བརྟེན་ནས། མི་རིགས་ཀྱི་འདུ་ཤེས་དེ་ཉིད་སླ་རུ་འགྲོ་བ་དང་ཉིན་རེ་བཞིན་ཡལ་འགྲོ་བ་སོགས་ཡོང་གི་ཡོད་པ་རེད། དེ་ནི་གཙོ་བོར་རང་ཉིད་ཀྱིས་རང་ཉིད་ལ་རྟོགས་ཞིབ་དང་། རང་ཉིད་ཀྱིས་རང་ཉིད་གནས་སྡོད་བྱེད་པའི་ཁོར་ཡུག་ལ་རྟོགས་ཞིབ། ད་དུང་དེ་ལས་གལ་འགངས་ཆེ་བ་ཞིག་ནི་རང་ཉིད་ཀྱིས་རང་ཉིད་ཀྱི་ངོ་བོ་དང་ཁྱད་ཆོས་སོགས་འཚོལ་བསྒྲུབ་བྱེད་པ་དེ་རེད།

གལ་སྲིད་ང་ཚོས་རང་ཉིད་ཀྱི་གནས་བབས་ཡོངས་སུ་རྟོགས་ནས། གནས་བབས་དེ་དང་འབྲས་བའི་གནད་དོན་ཡོད་ཚད་ལ་རིག་པས་དཔྱད་ཞིབ་བྱེད་གྱུར་ན། ད་གཟོད་ང་ཚོས་རང་ཉིད་ཁོངས་གཏོགས་ཀྱི་འདུ་ཤེས་ཤིག་རྙེད་ཐུབ་ལ། ང་ཚོས་རང་ཉིད་ལ་དབང་བའི་མི་རིགས་འདུ་ཤེས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་ཀྱིས་ཡོད། དེ་ནས་ད་གཟོད་ང་ཚོས་འདུ་ཤེས་འདིའི་ནུས་པ་ལས་བྱུང་བའི་རླབས་ཆེན་གྱི་བྱ་བཞག་ཆེ་འབྲིང་ཆུང་གསུམ་སོགས་སྒྲུབ་ཐབས་བྱེད་ངེས་རེད།

མི་རིགས་ཀྱི་འདི་ཤེས་འདི་ནི་གཙོ་བོ་དུང་ཞེན་དང་བརྩེ་བ། རིན་ཐང་སོགས་ལས་ཡོང་བ་ཡིན་དུས། འདིའི་མངོན་མེད་ཀྱི་མཐུ་ནུས་དེའང་བསམ་ཡུལ་ལ་མི་ཤོང་བ་ཞིག་ཡིན་ངེས་རེད་མོད། འདི་ལྟ་བུའི་འདུ་ཤེས་དེ་ཉིད་ཅིས་ཀྱང་བྱ་བ་ཆེ་ས་ནས་སྟོན་ཐུབ་པའང་ངེས་པ་མེད། བྱ་བ་ཆུང་ས་ཞིག་ནས་ཀྱང་མི་རིགས་འདུ་ཤེས་ལས་བྱུང་བའི་རླབས་ཆེན་གྱི་གྲུབ་འབྲས་ཐོན་ཐུབ་ཀྱི་ཡོད་པ་རེད། མཚམས་འདིར་ངས་དངོས་བྱུང་གི་དཔེ་མཚོན་ཆུང་ཆུང་ཞིག་ནས་ཞུས་པ་ཡིན་ན། དེ་ཡང་དེ་སྔོན་ང་རང་སློབ་སྦྱོང་བྱ་ས་རྒྱ་གར་ལྷོ་ཕྱོགས་མེ་སཱོར་ཏུ་“བདེ་སྐྱིད་བོད་དྲན་ཟ་ཁང་”ཞེས་བོད་པའི་ཟ་ཁང་ཆུང་ཆུང་ཞིག་ཚོང་གཉེར་བྱེད་པའི་མི་ཚང་ཞིག་ཡོད་པ་དང་། ཁྱོ་གའི་མིང་ལ་ལེགས་ཚོགས་ཟེར་པ་དང་། སྐྱེས་དམན་མིང་ལ་བདེ་སྐྱིད་ཟེར་གྱིས་ཡོད། བཟའ་ཚང་གཉིས་ཀྱིས་གཉོམ་ཆུང་གི་འཚོ་བ་བསྐྱལ་ནས་བསྡད་ཡོད་པ་དང་། ཁོང་གཉིས་ཀྱིས་གཞན་པ་ནང་བཞིན་མཐོ་རིམ་སློབ་སྦྱོང་སོགས་གང་ཡང་བྱེད་མྱོང་མེད་ནའང་། ཁོང་གཉིས་ལ་ཡོད་པའི་གཞན་ཕན་གྱི་བསམ་བློ་དང་སོ་སོའི་མི་རིགས་ཀྱི་འདུ་ཤེས་གཟབ་མོ་ནི་སུས་ཀྱང་འགྲན་ཟླ་མེད་པ་ཞིག་རེད།

བགྲང་བྱ་གསུམ་གྱི་རྒྱུས་ལོན་དང་རྟགས་དཔྱད་ནས། ཁོང་བཟའ་ཚང་གཉིས་ཀྱིས་སོ་སོས་གྱོན་ཚོད་ཀྱི་ས་གནས་བོད་མི་ཚོར་གང་ཅིའི་ཐད་རོགས་འདེགས་དང་སེམས་ཁུར་བྱེད་པ་ནི་མེ་སཱོར་ས་གནས་བོད་མི་ཚང་མས་མཁྱེན་མཁྱེན་རེད་ལ། མཁྱེན་དགོས་ངེས་ཤིག་ཀྱང་རེད། དེང་གི་ཆར་ང་ཚོས་མི་རིགས་འདི་ཉིད་ནི་ཛ་དྲག་ཏུ་གནས་ཡོད་པ་དང་། མི་རིགས་འདི་ཉིད་སྐྱོབ་ཐབས་ཀྱི་ཐབས་ལམ་བཟང་ཤོས་ནི་དེང་རབས་ཀྱི་ཤེས་ཡོན་དང་བཟང་སྤྱོད་ཀྱི་མི་གཤིས་དེ་ཡིན་པས་ན། མི་རབས་གསར་པའི་བོད་ཀྱི་ན་གཞོན་ཚོར་གཅེས་སྐྱོང་དང་ཁོང་ཚོར་ལུས་སེམས་གཉིས་ཀྱི་རོགས་འདེགས་གང་ཐུབ་ཞུ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། སྐུ་ཞབས་ལེགས་ཚོགས་ལགས་ཀྱི་ནམ་ཀུན་ཏུ་བོད་པའི་སློབ་མ་རྣམས་ལ་ལེགས་ཉེས་ཀྱི་བསླབ་བྱ་རྒྱག་པ་དང་། མཚམས་རེར་བོད་མི་ཚོར་སྐྱབས་བཅོལ་ལག་དེབ་ཐོ་འགོད་དང་ཕྱི་བསྐྱོད་མོས་མཐུན་ལག་ཁྱེར་སོགས་ཐོ་འགོད་བྱེད་པའི་ཐད་དཀའ་ངལ་འཕྲད་ཚེ། ཁོང་གིས་རོགས་པ་གང་ཐུབ་བྱེད་ཀྱི་ཡོད་པ་རེད། མཚམས་རེར་སློབ་མ་འགར་རེར་འཚོ་བ་དང་སློབ་གྲྭའི་སྒྲིག་གཞི་སོགས་ཀྱི་དཀའ་ངལ་འཕྲད་དུས་། ཁོང་ཉིད་ཕ་ཚབ་སྤུན་ཚབ་ཚུལ་དུ་སློབ་མ་དེ་ཉིད་དཀའ་ངལ་ལས་དཀྲོལ་ཐབས་བྱེད་པ་དང་། མཚམས་རེར་བོད་པའི་སློབ་མ་གང་ཞིག་གིས་སློབ་གྲྭ་ནས་སྦྱངས་འབྲས་རྩེ་ཕོད་ལེན་པས་ན། ཁོང་གིས་ཆེ་སྟོད་དང་བྱ་ག་སོགས་ཕུལ་པ་དང་། ད་དུང་མཚམས་རེར་ཁོང་གིས་བོད་མི་ཚོར་རོགས་པ་བྱེད་པའི་དབང་གིས་ཁོང་ཉིད་དོ་བདག་ལའང་དཀའ་འཕྲད་པ་དེ་འདྲ་བྱུང་ཡོད་པ་རེད། དཔེར་ན་ཕྱི་ལོ་༢༠༡༢ ལོར་མི་ཞིག་གིས་བོད་པ་སློབ་མ་ཞིག་ལ་གྲིས་བཙུགས་ནས་རྨས་སྐྱོན་ཚབས་ཆེན་ཕོག་ནས་སུས་ཀྱང་ཡ་ལེན་མ་བྱས་པར་ཚེ་སྲོག་ལ་ཉེན་ཁ་ཆེ་བའི་དུས་དེར། ཁོང་གིས་ཐེ་ཚོམ་མེད་པར་ཉེན་རྟོག་པ་དང་སྨན་པ་སོགས་སྐད་བཏང་ནས་བོད་ཕྲུག་དེ་ཉིད་གསོན་ཐུབ་ཙམ་བྱུང་པ་རེད་ལ། གནད་དོན་དེའི་རྐྱེན་པས་ཁོང་ལ་ཉིན་མང་རིང་ཉེན་རྟོག་པ་དང་གསང་བའི་ལས་ཁུངས་སོགས་ཀྱིས་འདྲི་རྩད་བྱས་ཏེ་སྡོད་བཟོད་མི་བདེ་བ་ཆེན་པོ་བཟོས་པ་རེད། ཡིན་ནའང་ཁོང་གིས་འཁང་ར་དང་འཁོན་སེམས་ཀྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་པ་མ་ཐོས།

ཉེ་བའི་ཆར་ང་ཚོ་ཁྲིམས་ལུགས་སློབ་མ་གསུམ་སློབ་མཐར་ཕྱིན་དུས། ཁོང་གིས་རང་ཉིད་ཀྱི་རྒྱུ་དངུལ་བཏང་ནས་སྐྱེལ་མའི་ཚུལ་ཏུ་ཞལ་ལག་བཏང་བ་དང་། དེ་དང་མཉམ་དུ་གཞོན་རབས་ཁྲིམས་ལུགས་སློབ་གཉེར་བ་རྣམས་ལ་དོན་ལྡན་གྱི་བསླབ་བྱ་སོགས་བྱས་པས། སློབ་མ་ལ་ལ་ལེགས་བཅོས་བཏང་། སློབ་མ་ལ་ལ་སེམས་ཤུགས་སྤར་ཏེ་བརྩོན་འགྲུས་ཇེ་ཆེར་བྱས་པ་སོགས་མིག་མཐོང་གི་གནས་ཚུལ་རེད་ལ། རྒྱུ་མཚན་འདི་དག་གི་རྐྱེན་པས་ཁོང་ནི་བོད་པའི་སློབ་མ་ཚང་མས་བཀུར་འོས་ཀྱི་མི་ཞིག་ཏུ་འགྱུར་ཡོད་པ་རེད། དེ་ནི་གང་ཟག་སྒེར་ཞིག་གིས་སོ་སོའི་མི་རིགས་ལ་གཅེས་བའི་འདུ་ཤེས་ཤིག་ནས་ཕན་རླབས་ཇི་ལྟར་ཡོང་མིན་དང་སོ་སོ་གནས་སྡོད་ཀྱི་ཁོར་ཡུག་ནས་མི་རིགས་ཀྱི་འདུ་ཤེས་མཚོན་པའི་བྱ་བ་ཆེ་ཕྲ་གང་རུང་དབུ་འཛུགས་ཇི་ལྟར་བྱེད་དགོས་མིན་གྱི་དཔེ་མཚོན་ཙམ་ཡིན།

མི་རིགས་ཀྱི་གནས་སྟངས་དེ་ཉིད་ཇི་ལྟར་ཛ་དྲག་ཏུ་གནས་ན་དེ་ཚོད་ཀྱི་ང་ཚོར་མི་རིགས་ཀྱི་འདུ་ཤེས་དགོས་པ་དང། དེ་ཉིད་གོང་མཐོར་གཏོང་ཐབས་ལ་འབད་བརྩོན་བྱེད་དགོས་གལ་ཆེ་ལ། དེ་ནི་སོ་སོའི་ངོ་བོ་སྲུང་སྐྱོབ་དང་སོ་སོའི་མི་རིགས་ལ་འཆི་མེད་གསོན་ཤུགས་ཤིག་སྟེར་པ་དང་གཉིས་སུ་མེད་པས། ང་ཚོར་མི་རིགས་ཀྱི་འདུ་ཤེས་དགོས་གལ་ཆེ།།

Share this:
༡༡༣ ཀློག་གྲངས།