ང་ལ་ཕུགས་བསམ་ཞིག་ཡོད།

 

ང་ལ་ཕུགས་བསམ་ཞིག་ཡོད།
དེ་ནི། ཧམ་སེམས་ཀྱིས་འཛམ་གླིང་དབང་དུ་བསྒྱུར་རྒྱུ་དང་། 

འགྲོ་བ་མིའི་ཆེ་མཐོང་བླ་མེད་ཀྱིས་བཏེགས་པའི་གསེར་གྱི་ཁྲི་འཕང་ལ་འཛེག་རྒྱུ།
དངུལ་དངོས་རིན་བྲལ་གྱི་འབྱོར་ལྡན་གྲལ་རིམ་ལ་བགྲོད་རྒྱུ་སོགས་གཏན་ནས་མིན།

ང་ལ་ཕུགས་བསམ་ཞིག་ཡོད།

 དེ་ནི། ལྐོག་གྱུར་གནས་ལུགས་ཀྱི་ཐར་བའི་ཞིང་མཆོག་ལ་བསྙེག་རྒྱུ་དང་།
རྒྱང་རིང་ཕུགས་ཟབ་ཀྱི་སངས་རྒྱས་གོ་འཕང་ཐོབ་རྒྱུ།

བདག་གཞན་མཉམ་བརྗེ་དང་།
གཞན་དོན་ཁོ་ན་བསྒྲུབ་རྒྱུའི་མཛེས་སྡུག་གི་བཀོད་པ་དེ་ཚོ་བསུ་རྒྱུ་གཏན་ནས་མིན།


ང་ལ་ཕུགས་བསམ་ཞིག་ཡོད།
དེ་ནི། གངས་ཅན་པའི་འགྲོ་བ་ཧྲིལ་བོ་རྣམ་དག་གི་རང་དབང་ལ་འདྲེན་རྒྱུ་དང་།

ཡ་ཐོག་གི་ཤེས་རིག་ཡོད་ཚད་བཅོམ་ཆག་ཏུ་བཏང་ནས་སྟོང་སང་གི་རྫོགས་ལྡན་ཞིག་ལ་བསྐྱལ་རྒྱུ།

སུས་ཀྱང་མ་ཤེས་པ་དང་དང་། སུས་ཀྱང་མ་གོ་བའི་གནས་ལུགས་འདྲ་ཆགས་པོ་ཞིག་གིས་རང་ཉིད་ལ་གསེར་ཁྲི་དགུ་བརྩེགས་ཤིག་བཞེངས་རྒྱུ་དེ་གཏན་ནས་མིན།

ང་ལ་ཕུགས་བསམ་ཞིག་ཡོད།
དེ་ནི། རང་གིས་གང་ཤེས་པ་དང་།
རང་གིས་གང་འཇོན་པ་དེས་ཁྱབ་ཚད་ཀྱིས་ཕན་ཐོགས་ལ་གཞོལ་ཐུབ་པ་དང་།
ནུས་ཤུགས་ཙམ་སྦྱིན་ཐུབ་པ།
ཆེས་མ་མཐའ་ཡང་སྟོང་ཟད་དང་ལྡོག་ཕྱོགས་ནས་ནུས་པ་མི་སྦྱིན་པར་མདུན་སྐྱོད་ཐུབ་རྒྱུ་དེ་ཡིན། དུས་གཏན་དུ་ཡིན།

༢༠༡༣/༧/༧ ལ།

Share this:
༡༤༢ ཀློག་གྲངས།