བདེན་གཏམ།

དགེ་ཆོས་མཁས་པ་ཟེར་ཡང་དམ་ཉམས་ར་བཟི་ཞིག། ཞོགས་དུང་མཁས་པ་ཟེར་ཡང་རང་མགོ་བརྡུང་མཁན་ཡིན། ། མདའ་སྨྱུག་མཁས་པ་ཟེར་ཡང་ལོག་ལྟའི་ཕུང་པོ་དངོས། ། སྒོ་ཤེས་མཁས་པ་ཟེར་ཡང་མདོ་མེད་གསར་འགྲོགས་ཅན། ། བསྟན་ལ་བྱ་བ་འདི་ཡིན་མེད་པའི་བསྟན་འཛིན་དང་། ། རིགས་ལ་ལེགས་སྐྱེས་འདི་ཡིན་མེད་པའི་མིང་སྐམ་ཅན། །

བོད་པ་ཚང་ལ་གུས་ཕྱག་འབུལ་ཡུལ་མང་ན་ཡང་། ། མི་བུ་བདག་གིས་ནམ་ཡང་མི་འདུད་དམ་བཅས་ཟིན། ། ཐ་སྙད་ཚིག་སྐམ་ངག་ཐོག་བྱང་པས་ཁེངས་དྲེགས་དེས། ། འཇིག་རྟེན་བྱེད་པོ་བདག་ཉིད་རློམས་མཁན་ཁྲེལ་མེད་ལ། ། ད་དུང་སྔར་བཞིན་དད་འདུན་ཞུ་མཁན་ཀླད་མེད་རིགས། ། རང་ཚུགས་མེད་པའི་མི་བུ་འདི་དག་བདག་གི་དགྲ ། ཚེ་གཅིག་སྒྲུབ་ལ་བརྩོན་པའི་རྣལ་འབྱོར་པ་དག་དང་། ། རྟག་ཏུ་འཆད་རྩོད་རྩོམ་གསུམ་ཐོས་བསམ་སྒོམ་གསུམ་གཙོས། ། རིགས་ཀྱི་སྲོག་རྩ་སྐད་ཡིག་ཆོས་དང་རིག་གཞུང་ཀུན། ། ཉམས་མེད་སྐྱོང་མཛད་སྐྱེས་བུ་མཐོང་དུས་སྡུག་སྐད་འདོན། ། བཟང་ངན་དབྱེ་བ་གོ་ལྡོག་ཅན་གྱི་འཇིག་རྟེན་འདིར། ། རང་སེམས་གདོན་གྱིས་རློམས་པའི་དམ་ཉམས་མ་ལུས་ཀུན། ། རྣམ་འབྱེད་ཤེས་རབས་བློ་མིག་ཞར་ནས་གཡོམ་རྒྱུགས་ལ། ། དགའ་བའི་ངང་ཚུལ་འདི་དག་མཐོང་དུས་སེམས་ཁོང་ཁྲེལ། ། སྲོལ་བཟང་དུག་ལྟར་འཛིན་མཁན་དགྲ་བོ་ལ། ། མཁས་པའི་དབང་པོ་ཟེར་བཞིན་སྤྱི་བོར་བཀུར། ། ཕ་ཆོས་དུག་ལྟར་འཛིན་མཁན་ཁྲེལ་མེད་ལ། ། རྣམ་དཔྱོད་ཅན་པོ་ཟེར་བཞིན་ངོ་སོ་བསྟོད། ། གསར་འགྲོགས་དགའ་བའི་རང་རིགས་མི་བུ་ཚོ། དེང་རབས་སྤྱི་ཚོགས་མདུན་དུ་འགྲོ་འདོད་ན། ། དང་པོར་རང་ལུགས་རྒྱུད་འཛིན་དགོས་པ་ལས། ། ལོང་བ་ཆུ་ནང་འཆོང་འཆོང་མ་བྱེད་ཨང་། །
Share this:
༡༩༢ ཀློག་གྲངས།