རྟ་མགྲིན་ཚེ་རིང་གློད་གྲོལ།

རྒྱ་གཞུང་གིས་ལོ་སྔོན་མར་འཛིན་བཟུང་གིས་ཁྲིམས་ཐག་སོགས་གང་ཡང་མ་བཅད་པར་ལོ་གཅིག་ཙམ་གྱི་རིང་། བཀག་ཉར་བྱས་པའི་རྨ་ལྷོ་རྩེ་ཁོག་རྫོང་མགོན་ཤུལ་རྡོ་དཀར་མོའི་དམེ་སྐོར་ཡུལ་ཚོའི་རྟ་མགྲིན་ཚེ་རིང་། ཉེ་ཆར་གློད་གྲོལ་ཐོབ་འདུག་ན་ཡང་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་འདུག

དེ་ཡང་ཕྱི་ལོ་༢༠༡༢ ཟླ་བ་༡༢ ཚེས་༩ ཉིན་རྨ་ལྷོ་རྩེ་ཁོག་རྫོང་སློབ་འབྲིང་གི་སློབ་མ་རང་ལོ་༡༦ ཡིན་པ་པན་ཆེན་སྐྱིད་ཀྱིས། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་ རྗེས་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་ཁོ་མོའི་ཁྱིམ་ཚང་དུ་ཡོང་སྟེ། ཕྱི་ནང་གི་འགྲོ་འོང་ཡོངས་རྫོགས་བཀག་འགོག་དང་།  དེ་བཞིན་ཁོ་མོའི་ངོ་ཤེས་དང་སློབ་གྲོགས་མང་པོ་ཞིག་འཇུ་བཟུང་དང་འདྲི་རྩད་སོགས་བྱས་ཡོད་པ་ལྟར། རྟ་མགྲིན་ཚེ་རིང་ཡང་སྐབས་དེར་འཇུ་བཟུང་བྱས་ཏེ་ཁྲིམས་ཐག་སོགས་གང་ཡང་མ་བཅད་པར་ལོ་གཅིག་ཙམ་གྱི་རིང་། བཙོན་ཁང་དུ་བཀག་ཉར་གྱིས་ཕྱི་ཟླ་༧ ཚེས་༢༩ ཉིན་ཟི་ལིང་གི་བཙོན་ཁང་ཞིག་ནས་གློད་གྲོལ་བཏང་འདུག་ན་ཡང་། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་ལོ་གཅིག་ཙམ་རིང་བཙོན་ཁང་དུ་བཅུག་སྟེ་སྡུག་སྦྱོང་མནར་གཅོད་ཤུགས་ཆེ་བཏང་བར་བརྟེན། ད་ལྟ་ཁོང་གི་སྐུ་གཟུགས་ཀྱི་གནས་བབ་ཧ་ཅང་སྐྱོ་པོ་ཆགས་ཡོད་འདུག

ལོ་སྔོན་མའི་ཕྱི་ཟླ་༡༢ ཚེས་༩ ཉིན་གྱི་དགོང་མོ་བོད་ནང་གི་ཆུ་ཚོད་༨ པ་ཡས་མས་སུ། རེབ་གོང་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོའི་རང་ལོ་༡༦ ཡིན་པའི་རྫོང་རིགས་སློབ་འབྲིང་གཉིས་པའི་སློབ་མ་བན་ཆེན་སྐྱིད་ཀྱིས། ༧རྒྱལ་བ་རིན་པོ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་མི་མང་ཁྲི་ལོ་བརྟན་པར་ཤོག་ཅེས་སོགས་ཀྱི་སྐད་འབོད་གནང་བཞིན་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་རེད།

Share this:
༢༠༦ ཀློག་གྲངས།