རྒྱ་གཞུང་གིས་གྲྭ་པ་གསུམ་ལ་མི་བསད་པའི་ནག་ཉེས་བཙུགས་འདུག

མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་། ཐང་སྐོར་སོག་ཚང་དགོན་གྲོང་གཉིས་ཀྱི་སྐྱ་སེར་མི་གྲངས་༩ ད་ལྟའི་ཆར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། དགེ་འདུན་པ་༣ཙམ་ལ་བསམ་བཞིན་དུ་མི་བསད་པའི་ཉེས་མིང་བཏགས་སྟེ་ཡིག་ཆ་ཞིག་གློ་བུར་ནང་མི་ཚོར་སྤྲད་འདུག

འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། རྒྱལ་གཅེས་དཔའ་བོ་གྲྭ་དཀོན་མཆོག་བསོད་ནམས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་རང་ལུས་མེ་སྲེག་གིས་ངོ་རྒོལ་བྱས་རྗེས། རྒྱ་ནག་གཞུང་གིས་སོག་ཚང་དགོན་གྲོང་གཉིས་སུ་དོ་དམ་ནན་མོ་བྱེད་ཀྱི་ཡོད་པ་དང་། དངོས་སུ་མཛོད་དགེ་རྫོང་ཉེན་རྟོག་ལས་ཁང་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དོན་ཚན་བཅུ་བདུན་པའི་དགོངས་དོན་བཞིན་སོག་ཚང་དགོན་པའི་གྲྭ་དཔལ་ལྡན་དབྱིག་གཉེན་དང་བློ་བཟང་བསྟན་འཛིན།  སངས་རྒྱས་དཔལ་ལྡན་གསུམ་ལ་གྲྭ་དཀོན་མཆོག་བསོད་ནས་བསམ་བཞིན་དུ་བསད་པའི་ནག་ཉེས་འདུག་ཅེས་ཁོང་གསུམ་གྱི་ནང་མི་ལ་ཁྲིམས་ལུགས་ཡིག་ཆ་ཞིག་སྤྲད་འདུག

མི་བསད་གྱོད་དོན་གྱི་ཁྲིམས་ཡིག་ནང་དུ་བསམ་བཞིན་དུ་མི་བསད་པ་དང་།  སྟབས་མ་ལེགས་པར་བསད་པ།  འཁྲུགས་རྩོད་ཀྱིས་བསད་པ་གསུམ་ཡོད་པ་ལས་གོང་གསལ་གྱི་གྲྭ་བ་གསུམ་གྱིས་བསམ་བཞིན་དུ་མི་བསད་པའི་ནག་ཉེས་ཅན་གྱི་ཁོངས་སུ་བཞག་ཡོད་འདུག་ཟེར།

ཁོང་རང་ཚོའི་ནང་མིས་ཉེན་རྟོག་པ་ཚོར་གྲྭ་བ་རྣམ་པ་གང་དུ་ཡོད་མེད་ཀྱི་གནས་ཚུལ་དྲིས་ཀྱང་ཉེན་རྟོག་པ་ཚོས་ང་ཚོས་མི་ཤེས་ཟེར་ཡོད་འདུག

གྲྭ་བ་ཚོའི་ནང་མི་ཚོ་དང་མི་མང་གིས་གྲྭ་བ་རྣམ་པར་ཉེས་མིང་དེ་འདྲ་བཏགས་པར་རྒྱ་གཞུང་གིས་གྲྭ་བ་ཚོར་ལོ་མང་པོའི་ཁྲིམས་ཐག་གཅོད་རྒྱུའི་གཡོ་ཇུས་ཞིག་ཡིན་པ་ས་གནས་བོད་མི་ཚོས་ངོས་འཛིན་བྱེད་བཞིན་འདུག།

དགེ་འདུན་པ་ཁོང་རྣམས་ནི་རྒྱལ་གཅེས་དཔའ་བོ་དཀོན་མཆོག་བསོད་ནམས་ཀྱི་ཧ་ཅང་བློ་ཐུབ་ཀྱི་གྲོགས་པོ་ཡིན་པས། ཁོང་ཚོས་བསམ་བཞིན་གསོད་མི་སྲིད་པ་ནི་ཕན་ཚུན་གྱི་ནང་མི་ཡོངས་ཀྱི་ཤེས་གསལ་ཡིན་པ་དང་། ད་ལྟ་ཁོང་ཚོའི་ནང་མི་ཚོ་དང་མི་མང་གིས་ཧ་ཅང་གིས་སེམས་ཚབ་བྱེད་བཞིན་ཡོད་སྐོར་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་བྱས་འདུག །

ཐེངས་འདིར་མེར་སྲེག་གི་དོན་རྐྱེན་ཐད་ཁྲིམས་ལས་ལས་ཁུངས་ནི་མཛོད་དགེ་རྫོང་གི་ཁྲིམས་ཁང་མ་ཡིན་པར། ཞིང་ཆེན་དང་རྔ་པ་ཁུལ་སྲིད་གཞུང་གི་ཁྲིམས་ལས་ལས་ཁུངས་གྱིས་བཀོད་འདོམས་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག །

Share this:
༤༧ ཀློག་གྲངས།