བཀའ་ཤག་གི་སྲིད་ཇུས་ཙག་ཙིག་ཁག་ཅིག་ལ་ལྟ་བ།

ཆོས་ཉིད་འོད་ཟེར།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་བཅུ་བཞི་པའི་ལས་འགོ་ཚུགས་ནས་༢༠༡༣ ལོའི་ཕྱི་ཟླ་༨ ཚེས་༨ ཉིན་ལོ་གཉིས་ཏག་ཏག་འཁོར་གྱི་ཡོད་ལ། དེའི་རིང་སྤྱིའི་ཆ་ནས་གཞན་དབང་སྟབས་བསྟུན་དང་ལྟོས་ས་ལྟོས་འཇོག་གིས་བཤད་ན། ལས་དོན་ལ་གྲུབ་འབྲས་མི་དམན་པ་ཐོབ་ཡོད་པ་མ་ཟད། མི་མང་གིས་རེ་བ་རྒྱག་ཆོག་པའི་བཀའ་ཤག་ཅིག་ཆགས་ཡོད་པ་རེད།

དེ་ཡང་བཙན་བྱོལ་ནང་དུ་བཀའ་ཤག་ལ་སྐྱོན་བརྗོད་ཀྱི་བསམ་ཚུལ་མང་པོ་ཡོད་ཀྱང་། དོན་མེད་བསྙོན་འཛུགས་རིགས་ཀྱང་ཧ་ཅང་མང་བ་ལས། དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་དང་། “གང་ཟག་ལ་མི་རྟོན་ཆོས་ལ་རྟོན་”ཞེས་པའི་དཔེ་ལྟར་འགྲོ་མ་ཐུབ་པ་ཡང་མང་པོ་འདུག

བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས་ནས་བཤད་ན། བཀའ་ཤག་ལ་བཙན་བྱོལ་བོད་མིའི་ཆབ་སྲིད་ལངས་ཕྱོགས་དམིགས་བསལ་བསྒྱུར་བཅོས་ཀྱི་ལས་དོན་བྱེད་ས་གང་ཡང་མེད། ཉེ་ཆར་སྲིད་སྐྱོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲོམ་གཞི་ལ་ངོ་རྒོལ་བྱེད་ཀྱི་མེད་སྐོར་གྱི་གསུང་བཤད་དེར་བོད་དོན་རྒྱབ་སྐྱོར་བ་སོགས་སྐྱོན་བརྗོད་བྱེད་མཁན་ཁག་ཅིག་བྱུང་ཡོད་མོད། དེ་ནི་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་༡༣ པས་བོད་རྒྱ་འབྲེལ་མོལ་བྱས་ཏེ། མི་རིགས་ས་གནས་རང་སྐྱོང་གི་བསམ་འཆར་ཡིག་ཆ་རྒྱ་ནག་གཞུང་ལ་སྤྲད་ཟིན་པ་དེའི་ནང་དོན་གྱི་རྒྱ་ལས་གང་ཡང་འགལ་མེད། ཡིག་ཆ་དེར་དགེ་མཚན་ཞིག་མེད་ཀྱང། སྲིད་ཇུས་དེ་ལག་བསྟར་བྱེད་རྒྱུ་ལས་ད་ལྟའི་བཀའ་ཤག་ལ་འགྱུར་བ་གཏོང་བའི་དབང་ཚད་མེད། དེར་བརྟེན་དེའི་རིགས་འགྲིག་མེད་ན། བཀའ་ཤག་སྐབས་བཅུ་བཞི་པའི་ནོར་འཁྲུལ་ཞིག་མིན། ད་ལྟའི་བཀའ་ཤག་ལ་མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་ཆ་ཚང་ཡོད་པ་དང། དེ་མིན་བོད་དོན་དང་འབྲེལ་བའི་ཕྱི་འབྲེལ་དང་། བོད་མིའི་བདེ་སྡུག་ལ་ལྟ་སྐྱོང། ཤེས་ཡོན་སློབ་གསོ་གསར་བཏོད་ཡར་རྒྱས་སོགས་གཏོང་ཆོག་པ་ཞིག་རེད་ལ། གང་འཚམས་ཡག་པོ་ཡོང་གི་འདུག

ཡིན་ནའང་དེའི་རིང་གྲུབ་འབྲས་ཐོན་པ་རེ་རེ་བཞིན་བགྲངས་མི་དགོས་པར། ལས་དོན་ཙག་ཙིག་ཁག་ཅིག་གི་ཞན་ཆ་ནས་གླེང་འདོད་བྱུང་། དེ་ཡང་བཙན་བྱོལ་ནང་གི་ལས་དོན་ཁག་ཅིག་“བར་པ་སླེབས་དུས་རལ་བ་ཆད་པའི་”དཔེ་ལྟར་སྔ་ཕྱི་མ་འགྲིག་པ་དང་། “ཆུ་མེད་སར་ཟམ་པ་རྒྱག་པ་”ཞེས་པ། “ཐོམ་བུ་ཁྱེར་ནས་ཤིང་འཐུ་རུ་འགྲོ་བ་དང་། སྟ་རེ་ཁྱེར་ནས་ཆུ་ལེན་དུ་འགྲོ་བའི་”དཔེ་ལྟར་ཟློག་ཕྱོགས་ཀྱི་ལས་དོན་ཁག་ཅིག་ཡོད་པ་རེད།

༡༽ སློབ་གྲྭ་ཁག་གི་ནང་དེང་དུས་ཀྱི་ཤེས་ཡོན་དང་དབྱིན་ཡིག་ཡར་རྒྱས་ཆེད་ཚོགས་འདུ་དང་ཟབ་སྦྱོང་སོགས་ཐེངས་མང་འཚོགས་པ་མ་ཟད། བོད་སློབ་འཛིན་ཚོགས་ཁག་ཐད་ཀར་ཤེས་རིགས་ལུས་ཁུངས་ཀྱི་འཛིན་སྐྱོང་འོག་ལེན་ཐབས་བྱེད་བཞིན་པ་སོགས་བསྟོད་བསྔགས་ཀྱི་གནས་སུ་གྱུར་ཡོད་ནའང་། མི་རིགས་ཤིག་གནས་དགོས་ན་སྐད་ཡིག་གནས་དགོས་པ་དང་། བཙན་བྱོལ་བོད་མིའི་ལས་དོན་གཙོ་བོ་ཆོས་དང་རིག་གཞུང་རྒྱུན་འཛིན་དགོས་ཞེས་པ་དེ་དོན་ལ་གནས་ཀྱི་མི་འདུག དེ་ཡང་སློབ་གྲྭ་ཁག་ནས་གླེང་ན་ད་ལྟའི་བཀའ་ཤག་གི་ལས་གཞི་དེའི་འོག་དེང་དུས་ཀྱི་ཤེས་ཡོན་དང་། སྐད་ཡིག་གཞན་པ་སློབ་གཉེར་གྲུབ་འབྲས་ད་དུང་བཤད་ཚོད་མ་ཐིག་ཀྱང་། བཀའ་ཤག་སྐབས་༡༢ པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་ཇུས་དེ་ཡར་རྒྱས་ཕྱོགས་ལ་གླེང་སློང་ཙམ་ཡང་མེད་པར་གྱུར་འདུག་ལ། དབྱིན་ཡིག་གལ་ཆེ་ཡང་དེ་དང་མཉམ་དུ་བོད་ཡིག་ཀྱང་འཁྲིད་ཐུབ་དགོས་པ་ཞིག་རེད། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་ཇུས་ལག་བསྟར་ཐུབ་ཡོད་ས་སཾ་བྷོ་ཊའི་སློབ་གྲྭ་ཁག་དང། དམིགས་བསལ་དཔེ་སྟོན་སློབ་གྲྭ་རེད། དེང་སྐབས་དཔེ་སྟོན་སློབ་གྲྭར་དམིགས་བསལ་གྲགས་འགུལ་མེད་པ་མ་ཟད། མཐུན་རྐྱེན་དང་སློབ་ཁྲིད་ཀྱང་ཡར་རྒྱས་ཀྱི་ཆ་དཀོན་པོ་རེད། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་དམིགས་བསལ་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་ཇུས་ཡར་རྒྱས་གཏོང་ཐབས་དང་། བོད་ཡིག་ཡར་རྒྱས་གཏོང་ཐབས་སུ་ཚོགས་འདུ་དང་ཟབ་སྦྱོང་རིགས་ཀྱང་ཧ་ལམ་མེད་པ་ལྟ་བུ་རེད། དེ་བཞིན་གྲོས་ཚོགས་འཐུས་མི་ཚོ་ནང་ཁུལ་དུ་སྐད་ཆ་བཤད་སྐབས་དང། ཆེས་མཐོའི་མཛད་གཙོ་རྣམ་པ་དང་མཐོ་རིམ་སློབ་མ་ཚོར་ཐུག་འཕྲད་སྐབས། དབྱིན་སྐད་ཁོ་ནའི་ཐོག་ཕན་ཚུན་སྐད་ཆ་བཤད་ཀྱི་འདུག བོད་སྐད་མ་ཤེས་ན་ཁག་མེད་ཀྱང་། དེ་ལྟར་རེད་མི་འདུག ཡང་ན་བཀའ་སྤྱི་གཉིས་ཀྱིས་སྐད་ཡིག་རྒྱུད་འཛིན་དགོས་པའི་འབོད་སྒྲ་དེ་མཚམས་བཞག་ན་ལེགས།

དཔེ་སྟོན་སློབ་གྲྭར་མཚོན་ན་སློབ་ཡོན་ཆུང་ཆུང་ཡིན་ཡང་། གཞུང་གིས་མཐུན་རྐྱེན་ཡང་སྐྱོ་པོ་ཡིན་ཚོད་རེད། ཕ་མའི་ཚོགས་ཆུང་ཞེས་པས་སློབ་གྲྭའི་ཆེད་ལོ་རྟག་པར་དུས་སྟོན་ལྟ་བུ་འཚོགས་ཏེ་ཕྲུ་གུ་ཚོས་བྲིས་པའི་རི་མོ་དང་། སློབ་མའི་པར་སོགས་ཕ་མ་ལ་བཙོང་སྟེ་སློབ་གྲྭའི་འགྲོ་སོང་ཙག་ཙིག་ཡོང་ཐབས་བྱེད་ཀྱི་འདུག་ལ། དེ་ཚོ་སོ་སོའི་ཕ་མ་ལས་ཉོ་མཁན་མེད། སློབ་གྲྭའི་ངོས་ནས་ཕྲུ་གུའི་ཕ་མ་ཚོར་སློབ་གྲྭར་ཅ་ལག་ཙག་ཙིག་ཉོ་རོགས་ཐུབ་ན་ཡག་པོ་ཡོད་སྐོར་གྱི་འབོད་སྐུལ་ཡང་བྱེད་དགོས་བྱུང་འདུག  ད་དུང་དཔེ་སྟོན་སློབ་གྲྭར་སློབ་མའི་སྐྱེས་སྐར་སློབ་གྲྭའི་ནང་སྲུང་བརྩི་བྱས་ཏེ། སློབ་མ་ཚོར་རྔན་པ་སྤྲོད་རྒྱུར་འགྲན་རྩོད་ཆེན་པོ་ཡོད་པ་རེད། དེའི་འགྲོ་སོང་ལོ་གཅིག་གི་སློབ་ཡོན་ལས་ཆེ་བ་ཡིན། དཔལ་འབྱོར་ཡོད་མཁན་ཚོས་རྫིག་མདོག་སྟོན་ས་དང། མེད་མཁན་ཚོར་དཀའ་ངལ་འཕར་མ་རེད། སྐྱེས་སྐར་རྔན་པ་ཆེན་པོ་མེད་ན། ཕྲུ་གུ་ཚོར་གཅིག་གིས་གཅིག་ལ་མཐོང་ཆུང་གཏོང་རྒྱུའི་ལུགས་སྲོལ་འདུག

ད་དུང་ཁྱད་མཚར་བོ་ཞིག་ལ་གངས་སྐྱིད་ཀྱི་ཕྲུ་གུ་ཚོར་དགེ་རྒན་གྱིས་ཞེ་ས་ཞེ་དྲག་བསླབ་སྟེ། དགེ་རྒན་ཚོས་སློབ་མར་“བསྟན་འཛིན་ལགས་”ཞེས་འབོད་ཀྱི་འདུག་ལ། ཕ་མ་ཚོས་ཀྱང་སོ་སོའི་ཕྲུ་གུར་“བསྟན་འཛིན་ལགས།” “ཨ་མ་ལགས་”ལབ་དགོས་རེད་ཅེས་བཙན་གྱིས་སློབ་གསོ་སྤྲོད་ཀྱི་འདུག་མོད། ཕྲུ་གུས་ཕ་མར་ཞེ་ས་མེད་པར་ཕ་མས་ཕྲུ་གུར་ཞེ་ས་དགོས་པའི་ཟློག་ཕྱོགས་ཀྱི་ནུས་པ་དང་། ཕྲུ་གུ་ཁ་ཤས་ཀྱིས་ཞེ་ས་ལས་སྤྱིར་བཏང་གི་སྐད་ཆ་བཤད་མི་ཤེས་པར་“ངའི་སྐྱེས་སྐར་”མ་རེད། “འཁྲུངས་སྐར་རེད་”ཅེས་ཨུ་ཚུགས་བྱེད་པའི་ཡ་མཚན་མང་པོ་འདུག

ཡ་རབས་བཟང་སྤྱོད་ཞེས་པ་དེ་སྤྱི་ཚོགས་ནང་གོམས་ནས་ཡོང་དགོས་པ་ལས། བསླབ་ནས་ཁག་པོ་རེད། བོད་མིའི་གཞོན་སྐྱེས་ཚོར་ཞེ་ས་བསླབས་ནའང་། ཡ་རབས་བཟང་སྤྱོད་ཀྱི་མིག་དཔེ་ཡག་པོ་སྟོན་མ་ཐུབ་པ་ལྟ་བུ་འདུག སྤྱི་དོན་ཞིག་བཤད་དགོས་ན་མགོ་བོ་སྒུར་ནས་སྡོད་པ་ལས། རང་མིང་ཡང་འདོན་མི་ཐུབ་མཁན་དང་། རང་དོན་ཞིག་བཤད་དགོས་ན་འཛེམས་ཟོན་འཚེར་སྣང་གང་ཡང་མེད་པར་ཐབས་ལམ་སྣ་ཚོགས་འདོན་ཐུབ། (ཉེ་ཆར་མ་སུ་རི་སློབ་གྲྭའི་སློབ་མ་སྲིད་སྐྱོང་གི་སློབ་ཡོན་རག་མཁན་དེར་དམིགས་བསལ་གྱིས་༧གོང་ས་མཆོག་དང་། སྲིད་སྐྱོང་གིས་མཇལ་ཁ་གནང་བའི་པར་ཞིག་མཐོང་སོང། མོ་རང་ཁོང་གཉིས་ལས་ཆེ་བ་ཡིན་པ་ལྟ་བུའི་འཁྲིས་ན་འགྱངས་ནས་འདུག་པ་ལས། གུས་ཞབས་གང་ཡང་མི་འདུག མགོ་བོ་བསྒུར་ནས་ལྕེ་ལེ་བརྐྱངས། ལག་གཉིས་ཐལ་མོ་སྦྱར་དགོས་དོན་མེད་ཀྱང་། སོ་སོའི་འགོ་ཁྲིད་ལ་གུས་ཞབས་ཀྱི་རྣམ་པ་ཅུང་དགོས་པར་སྣང་།) ད་དུང་མི་མང་སྐྱོ་པོ་ཚོས་ཕྲུ་གུ་བུ་བཅོལ་ཁང་དང་སློབ་གྲྭར་ཚུད་རྒྱུར་དཀའ་ངལ་འཕྲད་མྱོང་ལ། དེར་ཚུད་རྒྱུར་དཀའ་ངལ་གང་ཡང་མེད་མཁན་ཚོར་སོ་སོའི་ནང་དུ་ཉལ་བ་དང་རྒྱ་གར་གྱི་སློབ་གྲྭར་སྐྱེལ་བ་སོགས་བྱེད་ཀྱི་ཡོད་པ་རེད།

༢༽ སྤྱི་ཚོགས་བདེ་སྡུག་ནས་བཤད་ན་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ནང་གི་བོད་མི་༡༠༠༠ ཁ་ཎ་ཌར་གཏོང་རྒྱུའི་ལས་གཞི་ཚགས་ཚུད་དུ་བཏང་བ་དང། གཞིས་ཆགས་ཁག་ཡར་རྒྱས་གཏོང་རྒྱུའི་ལས་གཞི་ཡག་པོ་ཡོད་སྐོར་འདུག བོད་མི་སྡོད་གནས་དང་འཚོ་གནས་གང་ཡང་གཏན་ཁེལ་མེད་པའི་འཚོ་ཐབས་ཀྱི་དཀའ་ངལ་ཆེན་པོ་ཡོད་མཁན་དང་། དེ་བས་དྷ་སར་ཐང་ཁྲོམ་སྟོན་མཁན་ཚོའི་དཀའ་ངལ་དང་། ད་དུང་ཁྲོམ་ས་མེད་པའི་དཀའ་ངལ་མང་པོ་སྔོན་མ་ནས་འདུག་ལ། བཀའ་ཤག་རིམ་པར་བདེ་སྡུག་ཐེངས་མང་ཞུས་ཀྱང་། ད་དུང་ལས་གཞི་གང་ཡང་མི་འདུག ཉིན་གཅིག་མི་ཚང་མ་ཁ་འཐོར་དུ་སོང་ཚར་དུས་སྡོད་ཁང་དང་ཁྲོམ་ས་འཛུགས་རྒྱུ་ཟེར་ན། བོད་མི་སྡོད་གནས་ཁག་ཏུ་སྲ་བརྟན་གནས་ཐབས་ཀྱི་ལས་གཞི་རྗེས་ལུས་ཆགས་པ་རེད།

དེ་ལྟ་བུའི་“བར་པ་སླེབས་དུས་རལ་པ་ཆད་པའི་”དཔེ་ལྟར་རྗེས་ལུས་བཙན་བྱོལ་ནང་མང་པོ་བྱུང་མྱོང་ཡོད། གཞུང་གི་ནང་རྒྱ་ཡིག་ཤེས་མཁན་མང་པོས་ལས་ཀ་རག་རྒྱུར་རེ་བ་བྱེད་མྱོང་ཡོད་མོད་ལམ་ཀ་རག་མེད། དེང་སྐབས་ཡིག་ཚད་གཏོང་སའི་ལམ་ཁ་ཞིག་བཟོས་འདུག་ཀྱང་མི་ཚང་མ་བོད་དང་ཕྱི་རྒྱལ་ཁག རྒྱ་གར་གྱི་བཟོ་གྲྭ་ཆེན་པོ་སོགས་ཀྱི་ནང་སོང་ཟིན་ནས་ཡིག་ཚད་གཏོང་མཁན་མི་འདུག སློབ་གྲྭ་ཁག་ཅིག་ཀྱང་དེ་མཚུངས་ཆགས་འདུག དེ་བཞིན་གངས་སྐྱིད་དུ་གཞུང་ཞབས་ལས་བྱེད་བསྡུ་སྐབས། རྩིས་པ་ལ་སྙན་ངག་གི་ཡིག་རྒྱུགས་གཏོང་བ་དང། རྩིས་དང་འབྲེལ་བ་མེད་པའི་ལས་བྱེད་ལ་རྩིས་ཀྱི་ཡིག་རྒྱུགས་གཏོང་དགོས་པས། སློབ་སྦྱོང་ཡོད་ཀྱང་རྩིས་མ་ཤེས་པས་ཡིག་རྒྱུགས་གཏོང་མཁན་ཉུང་དུ་འགྲོ་ཡི་ཡོད།

ཆབ་སྲིད་བཙོན་ཟུར་ཚོར་དམིགས་བསལ་ལྟ་རྟོག་ཆེད་ལྡེ་ར་ལྡུན་དུ་སྡོད་ཁང་རྒྱག་རྒྱུའི་ལས་གཞི་ཡོད་སྐོར་འདུག ལྡེ་ར་ལྡུན་དུ་བོད་མི་སྡོད་མཁན་ཉུང་ལ། ཆབ་སྲིད་བཙོན་ཟུར་མང་ཆེ་བ་དྷ་སར་ལས་ཀ་ཙག་ཙིག་བྱས་ཏེ་འཚོ་བ་སྐྱེལ་མཁན་ཡིན་པས། ལས་ཀ་དེ་དག་ལྡེ་ར་ལྡུན་དུ་རག་ཁག་པོ་རེད། མི་ཡོད་སར་སྡོད་ཁང་མི་རྒྱག་པར་མི་མེད་སར་སྡོད་ཁང་བརྒྱབ་ན་ཕན་ཐོགས་གང་ཡོད། ད་དུང་གཞིས་ཆགས་མང་པོའི་ནང་སྡོད་མཁན་མེད་པའི་དཀའ་ངལ་ཡོད་ལ། མི་མང་སྡོད་མི་ཐུབ་སའི་ས་ཆ་གོང་ཅུང་ཁེ་ནའང་། དེར་ཁང་པ་གསུམ་རྒྱག་ཐུབ་པ་ལས། དྷ་སར་ཁང་པ་གཅིག་རྒྱག་ཐུབ་ན་ད་ལྟའི་མི་མང་ལ་ཁེ་ཕན་དང་། བོད་མི་ཉུང་དུ་འགྲོ་བཞིན་པའི་སྐབས་འདིར་དྷ་སར་བོད་མི་འདུས་སྡོད་ཡོང་བར་མ་འོངས་ཕུགས་ཀྱི་ཁེ་ཕན་ཡང་ཡོད།

༣༽ ཡང་མི་མང་ཁག་ཅིག་གི་དཀའ་ངལ་བཤད་ན། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་(RC) མེད་པའི་དཀའ་ངལ་རེད། ལག་ཁྱེར་ཡོད་མཁན་མང་པོ་ཞིག་ལོ་ལྔ་རིང་ལ་དུས་འགྱངས་ཐེངས་གཅིག་གི་ཆོག་པ་བཟོས་སོང་ཡང་། ཁག་ཅིག་ལ་ལག་ཁྱེར་ཐོག་ལ་གནས་སྐོར་འཁོད་པ་དང་། ཁག་ཅིག་གི་ལག་ཁྱེར་ཐོག་སློབ་སྦྱོང་འཁོད་མཁན་ཚོར་ལོ་གཅིག་ལ་ཡང་དུས་འགྱངས་མ་ཐུབ་པར་དཀའ་ངལ་མུ་མཐུད་ལྷག་འདུག ཡོད་པ་ཡར་རྒྱས་དང་མེད་པ་ཚོ་རང་འཇགས་རེད། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་མེད་པའི་དཀའ་ངལ་ཚད་མེད་འཕྲད་ཡོད་ནའང། ད་དུང་གཞུང་ངོས་ནས་ཡ་ལན་གང་ཡང་གནང་མེད། དཀའ་ངལ་དེ་ཚོ་རེ་རེ་བཞིན་བྲིས་ན་མང་དོགས་ནས་བྲིས་མེད། (ད་ལྟ་གད་མོ་སློང་བྱེད་ཀྱི་སྐད་ཆ་ཞིག་སྤྱི་ཚོགས་ནང་འདུག ཨ་རིར་བོད་མི་༥༠༠༠ ལེན་འཆར་འདུག དེའི་ནང་དམིགས་བསལ་དཀའ་ངལ་ཡོད་མཁན་བོད་ནས་ཡོང་མཁན་ཚོ་ཚུད་རྒྱུ་ཡིན་སྐོར་དང་། ཡང་ཁག་ཅིག་རྒྱ་གར་ནང་སྐྱབས་བཅོལ་ལག་དེབ་ཀྱི་དཀའ་ངལ་ཡོད་མཁན་ཚོ་ཚུད་རྒྱུ་རེད་ཟེར། ཡང་ཁག་ཅིག་གིས་ཁོང་ཚོར་ལག་ཁྱེར་མེད་པའི་དཀའ་ངལ་ཡོད་པས། ཨ་རིར་སྐྱབས་བཅོལ་དུ་གཏོང་རོགས་ཞེས་རེ་བ་བརྒྱབ་ན། དམིགས་བསལ་དཀའ་ངལ་བཤད་རྒྱུའི་ལམ་ཁ་འགོག་ཆེད། ད་ཐེངས་བོད་མི་སྒྲིག་འཛུགས་ཀྱིས་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་བཟོ་ཐབས་ངེས་པར་དུ་བྱེད་རྒྱུ་རེད། ཨ་རིར་འགྲོ་མ་ཐུབ་ཀྱང་། དེ་ལ་བརྟེན་ནས་R C རག་གི་རེད་ཟེར། ས་གནས་ཁག་ཅིག་གི་མི་སྣ་གཞུང་གི་འབྲེལ་ཡོད་ལ་བཅར་ནས་ང་ཚོའི་ས་གནས་སྐྱོ་པོ་ཡིན། ཨ་རིར་གཏོང་རོགས་ཞེས་བཀའ་སྤྱི་གཉིས་ལ་སྐྱབས་འཇུག་ཞུས་ཚར་འདུག ཨ་རིར་མི་ལེན་མིན་གཏན་ཁེལ་རྒྱུ་རེད་ལ། བླངས་ཀྱང་ལོ་དུས་གང་འཚམས་འགོར་རྒྱུ་རེད། ཡིན་ཡང་མི་མང་ཁྲོད་སྡུག་གཏམ་དང་དགོད་གཏམ་སྣ་ཚོགས་འདུག)

༤༽ ལས་འགུལ་གྱི་ཆ་ནས་བརྗོད་ན། བོད་ནང་རང་ལུས་མེར་སྲེག་གི་རྒྱ་རྒོལ་རྒྱུན་ཆད་མེད་པའི་སྐབས་དེར། གསེར་རྟ་བ་སྒྲུབ་ཚེ་བལ་ཡུལ་བོད་གཞུང་སྣེ་ལེན་ཁང་དུ་ཡོང་ནས། ༢༠༡༣ ལོའི་ཕྱི་ཟླ་༢ ཚེས་༡༣ ཉིན་རང་སྲེག་རྒྱ་རྒོལ་བྱས་ཏེ་སྐུ་གྲོངས་པར་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག་གིས་རོ་བདག་ཙམ་ཡང་མ་ཐུབ་པ་མ་ཟད། ང་ཚོའི་མིས་རང་སྲེག་རྒྱ་རྒོལ་བྱས་ཏེ་སྐུ་གྲོངས་སོང་ཞེས་བརྒྱུད་ལམ་དུ་ངོ་སྤྲོད་ཙམ་ཡང་མ་ཐུབ་པར། བདག་མེད་དུ་ལུས་པ་ཕངས་པོ་རེད། “དཔའ་བོའི་སྙིང་གིས་བཟོད་ས་ལ་སྡར་མའི་མིག་གིས་མི་བཟོད་དགོས་དོན་མེད་ཀྱང་།” དོན་དག་ཆུང་ཙག་ལ་ཞེད་སྣང་བྱས་ཏེ། ལས་འགུལ་ཆེན་པོ་དེ་བོད་དོན་དཀའ་ངལ་ཡིན་པའི་ར་སྤྲོད་ཐུབ་མ་སོང། དེ་མཚུངས་བཙན་བྱོལ་ནང་གི་ལས་འགུལ་ཁག་ལས་འཕྲོས་པའི་བསམ་ཚུལ་འདྲ་མིན་ཡོད་ཀྱང་། ཡིག་ཚོགས་མང་བར་དོགས་ནས་བྲིས་མེད། བོད་ནང་ནས་རྒྱ་ནག་གི་དྲག་དམག་ལག་ནས་བོད་དོན་ལས་འགུལ་བའི་ཕུང་པོ་ཕྲོགས་པ་དང་། གནས་ཚུལ་གང་སར་བརྒྱུད་བསྒྲགས་བྱེད་རྒྱུའི་སྤོབས་པ་ཡོད་ཀྱང། བཙན་བྱོལ་གཞུང་དང་མི་མང་ཚོ་བསམ་གཞིག་གི་ནང་དུ་ལྷུང་སྟེ་གནས་ཚུལ་ཁྱབ་བསྒྲགས་བྱེད་རྒྱུར་ཡང་ཞེད་སྣང་སྐྱེས་འདུག

༥༽ སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་སོ་སོའི་ལས་དོན་གཙོ་བོ་བྱེད་མ་ཐུབ་པ་ལྟ་བུ་འདུག དཔེར་ན་སློབ་གྲྭ་ཁག་གི་ནང་བོད་ཀྱི་སྐད་ཡིག་ལས་མཚན་ཉིད་སློབ་རྒྱུ་དང། ཞལ་འདོན་མང་པོ་སྐྱོར་རྒྱུར་ཤུགས་སྣོན་རྒྱག་གི་འདུག རྩ་བའི་ཡག་པོ་རེད་མོད། ལོ་བཅུ་གཉིས་ལ་ཉིན་ལྟར་ཆུ་ཚོད་༡ ལྷག་ལ་ཞལ་འདོན་བསྐྱོར་ཏེ་སློབ་མཐར་ཕྱིན་སྐབས་ནང་དོན་གོ་རྒྱུ་ཕར་ཞོག ཡག་པོ་སྐྱོར་ཤེས་ཀྱི་མི་འདུག མཚན་ཉིད་གང་ནས་རྩོད་ཤེས། བོད་ཡིག་འབྲི་ཀློག་ཀྱང་ཡག་པོ་ཤེས་ཀྱི་མི་འདུག སློབ་སྟངས་དེ་འགྲིག་གི་ཡོད་ས་མ་རེད་སྙམ། ད་དུང་དགེ་རྒན་གྱི་ལས་ཀ་མང་པོ་ཞིག་རྒན་བདག་གིས་བྱེད་དགོས་པ་དང། དེ་ལ་བརྟེན་ནས་སློབ་གྲྭ་རེ་ཟུང་ནང་རྒྱག་རེས་ཆེན་པོ་ཤོར་མྱོང་བ་མ་ཟད། སློབ་མ་བསད་པའི་སྐད་ཆ་ཡང་ཡོད་པ་རེད། དགོན་པ་ཁག་གི་ནང་ཚན་རིག་སྦྱང་དགོས་པ་དང། དགེ་བཤེས་ཚོས་རྒྱ་ཡིག་སྦྱང་དགོས་པ་རེད་ཟེར། ངས་དེ་ཚོ་ཁྱད་མཚར་འདྲ་མཐོང་གི་འདུག །

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༤༩   ཕྱི་ལོ་ ༢༠༡༣/༧/༣༡ ཐོག་བཀོད།

Share this:
༡༥༢ ཀློག་གྲངས།