མདོག་ཉེས་མ།

images/idoblog/upload/9816387411/preview/small_20130426030540708_178px.jpgབུ་མོ་ཡིན་ན་ངེས་པར་དུ་མཛེས་དགོས་ཟེར།  ང་ལ་འཁང་ར་མ་བྱེད་རོགས།  ང་རང་འཇིག་རྟེན་འདིར་སླེབས་ཉིན་མོར།  མི་ཚོས་བརྒྱ་ཁ་གཅིག་གྲགས་ཀྱིས་ང་ལ་མིང་ཞིག་བཏགས་འདུག  དེ་ནི་མདོག་ཉེས་མ་ཟེར་བ་དེ་རེད།  ཆུང་དུས་ནས་བཟུང་ང་ཡང་མཛེས་མ་དེ་ཚོ་ནང་བཞིན།  ཕོ་གསར་སྟག་འདྲ་པོའི་དགའ་རོགས་ཡོད་ན་བསམ་མྱོང་།  ང་ཡང་བུ་མོ་དེ་ཚོ་ལྟར།  ཕོ་གསར་རེ་གཉིས་ཀྱི་སེམས་སུ་འཛུལ་འདོད་ཡོད།  ང་མདོག་ཉེས་མ་དངོས་གནས་རེད། ལས་དབང་འདི་ལ་བཅོས་ཐབས་མེད་པ་ཚང་མས་ཤེས། 

 འོན་ཀྱང་ང་ལ་གཞན་དང་མི་འདྲ་བའི་ཁྱད་ཡོན་རེ་ཡོད་པ་ཨེ་ཤེས། ངས་མཛེས་མས་བུ་ཡག་མོ་ཞིག་གི་སེམས་བསླུས་སོང་བ་མཐོང་ཡོད་ལ། ངས་མཛེས་མ་གཞན་དེས་སྐྱེས་པ་མང་པོ་མགོ་བསྐོར་བ་རིག་ཡོད།  ངས་མཛེས་མ་དེ་ཚོ་དེ་འདྲ་གཡོ་སྒྱུ་མ་བྱེད་ན་བསམ་ཡོད་ཀྱང་།  ང་རང་མདོག་ཉེས་མ་ཡིན་པས།  ཕོ་གསར་ཚོས་ང་ལ་ཁ་ཡ་བྱེད་མཁན་མི་འདུག  མཐའ་ན་མདོག་ཉེས་ཀྱི་ཕོ་གསར་དེ་ཚོས་ཀྱང་ང་ལ་མདོག་ཉེས་མ་ཟེར་གྱི་འདུག

 

མདོག་ཉེས་མ་ང་བྲེལ་འཚུབ་མ་ཞིག་ཀྱང་ཡིན། ནམ་ཕྱེད་ལངས་ནས་ནང་ལས་ཆ་ཚང་བྱེད། ཉིན་དགུང་སྔ་ཙམ་ཕྱིར་ལོག་དགོས་པ་དེའང།  ནང་མི་ཆེ་ཆུང་བརྒྱད་ལ་ལྟོ་ཟས་སྤྲད་དགོས་པས་རེད།  ད་དུང་ངའི་མཛེས་མའི་གཅེན་གཅུང་དེ་གཉིས་ཀྱི་ཆེད་དུ།  མོ་གཉིས་ཀྱིས་གང་སར་གཡུག་པའི་གྱོན་ཆས་དག་གཙང་འཁྲུས་བྱེད་དགོས།  ངས་ཉིན་ལྟར་སྤོ་རྨོ་གཉིས་གླིང་བསྐོར་ལ་འཁྲིད་ཀྱི་ཡོད།  ངས་སྤོ་རྨོ་གཉིས་ལ་ཉིན་ལྟར་ཁ་བརྡ་བྱེད་རོགས་ཞུ་ཡི་ཡོད།  ངས་གཙང་བཙོག་མེད་པར་ཁྱིམ་གཞི་འདི་གཙང་སྦྲ་དོད་པོ་བཟོས་ཡོད།  ངས་ད་དུང་ཁྱི་ནོར་བུ་དེ་ཕྱིར་འཆམ་འཆམ་དུ་འཁྲིད་དགོས། མཐའ་ན་ང་བུ་མོ་གཞན་ལྟར་མེ་ལོང་ལ་ལྟ་བའི་དུས་ཚོད་ཧ་ཅང་ཉུང་།   ཕོ་གསར་གཅིག་གིས་ལམ་བར་ནས་ང་ལ།  མདོག་ཉེས་མ། ཁྱོད་ཀྱི་སྐྲ་ཟིང་ཟིང་རེད་བཞག་ཟེར།  ང་རང་ངོ་ཚ་ནས་ཁོ་ལ་སྐད་ཆ་བཤད་ཕོད་མ་སོང། འོན་ཀྱང་ཕར་ཙམ་སོང་ནས་ངའི་སེམས་ནང། ཕོ་གསར་ལགས། ངའི་སྐྲ་ཟིང་ཟིང་ལུས་ཀྱང་ཡིན། ངའང་གཅེན་གཅུང་མཛེས་མ་དེ་ཚོ་ནང་བཞིན།  ཞོགས་པ་ཡར་ལངས་ནས་བཟུང་མེ་ལོང་མདུན་ཆུ་ཚོད་གཅིག་གཉིས་ཙམ་ལངས་བསྡད་ན། ང་མདོག་ཉེས་མ་ཞིག་ཡིན་པར་ངོས་ལེན་ཡོད་ཀྱང་ངའི་སྐྲ་ཟིང་ཟིང་ཆག་གི་མ་རེད། ཅེས་ཁེར་ལབ་བྱས།

ངས་ངོ་གདོང་བཟོས་བསྡད་ན།  སུས་ཇ་བསྐོལ་གྱི་རེད་སུས་བག་ལེབ་བཟོ་ཡི་རེད།  ཞོགས་ཟས་ཚར་ན་སུས་མདུན་ཅོག་སྒང་གི་ཤུལ་དེ་ཚོ་གཙང་མ་བཟོ་ཡི་རེད། ང་མདོག་ཉེས་མ་ཡིན། འོན་ཀྱང་ད་བར་ངས་སུ་ལའང་གནོད་སེམས་བྱེད་མ་མྱོང་། ཕོ་གསར་ཚོའི་མིག་ནང་མཛེས་མ་མ་གཏོགས་ཡོད་མ་རེད། ང་རང་མཚམས་རེར་སེམས་སྐྱོ་ཡོང་གི་འདུག  ཕོ་གསར་དེ་ཚོས་མཛེས་མ་ལ་མ་གཏོགས་ལྟ་མི་ཤེས་པ་ག་རེ་ཡིན་ནམ།  ངའི་ཨ་མ་ལགས་ཀྱིས།  ང་རང་མདོག་ཉེས་མ་ཡིན་ཡང་སེམས་བཟང་མ་ཞིག་རེད་གསུངས་མྱོང་།  འོན་ཀྱང་སེམས་བཟང་ཡང་མདོག་ཉེས་པོ་འདི་བཅོས་ཐབས་མེད།

ངས་དུས་ཁོམ་ཡོད་ཚད་བེད་སྤྱོད་དེ་སློབ་དེབ་བཀླགས་ཀྱི་ཡོད།  དཔེ་དེབ་ནི་ངའི་གྲོགས་པོ་བཟང་ཤོས་ཡིན།  དཔེ་དེབ་ཇེ་མང་བལྟས་རྗེས་སུ།  ངས་འཛམ་གླིང་ཐོག་སྙན་གྲགས་ཅན་མ་དེ་ཚོ། སུམ་ཆ་གཉིས་ནི་མཛེས་མ་མིན་པའི་གནས་སྟངས་དེ་འདྲ་ཤེས་སོང་།  དའི་ནང་གི་ཕུལ་བྱུང་མ་ག་རེ་ཡང་།  དབང་པོ་སྐྱོན་ཅན་རེད་འདུག  འོན་ཀྱང་ཁོང་མོ་ཚོས་རང་གི་ནུས་པ་དང་འཇོན་ཐང་ལ་བརྟེན་ནས། སྙན་པའི་གྲགས་པ་ས་གདན་སྒང་ལ་བཞག་འདུག  ཨེ་མ་ཧོ།  ཁྱེད་ཚོ་ནི་མདོག་ཉེས་མ་ངའི་དམིགས་དཔེ་བཟས་མོ་ཡིན།  ང་རང་མདོག་ཉེས་མ་ཞིག་ཡིན་ཡང་། ངས་འཇིག་རྟེན་འདིར་བཟང་པོའི་ངོ་བོ་ཞིག་ངོ་སྤྲོད་བྱེད་འདོད།

ང་རང་འཛིན་རིམ་བརྒྱད་པ་མ་གཏོགས་འགྲོ་མ་མྱོང་། གང་ཡིན་ཟེར་ན་ནང་ལས་བྱེད་མཁན་མེད་པས་རེད། མདོག་ཉེས་མ་ང་སློབ་གླིང་དུ་སྦྱང་འབྲས་ལེགས་ཤོས་གྲལ་ཡིན་ཡང་གཞན་གཅེན་གཅུང་ལྔ་ཡི་ཆེད་དུ་སྔ་མོ་ནས་ཁྱིམ་ནས་ཕྱོར་དོན་ཏེ་ཡོང་བབ་བསྲག་ཏུ་བཏང་བྱུང་། མདོག་ཉེས་མ་ང་ལའང་སློབ་གྲྭ་ནང་གྲོགས་ཕོ་མོ་མང་པོ་མེད། ངས་གང་ཐུབ་ཐུབ་ཀྱིས་གཞན་ལ་སྤྲད་ལེད་འཁྲབ་ཀྱང་ཚང་མས་ང་མདོག་ཉེས་མ་ང་ལ་ཡ་བྱེད་ཀྱི་མི་འདུག  སློབ་གྲོགས་བུ་བསྟན་འཛིན་གྱིས་ཐེངས་ཤིག་ཐང་སྟིང་ནས་ངའི་སྐྲ་ནས་འཐེན་ཏེ་མདོག་ཉེས་མ། ངའི་འཁྲིས་སུ་སླེབས་མ་ཡོང་ཨ།  ངའི་རྫིག་ཉམས་ལ་གནོད་ཀྱི་འདུག་ཟེར་ནས་ང་ལ་ངར་སྐད་སྒྲོག་བྱུང་།  དུས་དེར་ང་རང་ངུས་ནས་ཉལ་ཁང་དུ་ཕྱིར་ལོག་པ་ཡིན། དུས་ད་ལྟ་ཡིན་ཡང་སློབ་གྲོགས་བསྟན་འཛིན་གྱིས་ང་ལ་སྡུག་དམད་བྱེད་སྟངས་དེ་ཡིད་ལ་དྲན་ལྷང་ལྷང་བྱེད་ཀྱི་འདུག

ཉིན་ཞིག་མདོག་ཉེས་མ་ང་ལ་བསོད་བདེ་འཕེལ་བའི་དུས་ཤིག་ཤར། ང་རང་དགའ་སྤྲོའི་སེམས་ཁམས་དེ་སུ་ལ་བཤད་དགོས་མིན་མ་ཤེས་ཀྱང་པ་ལགས་ཀྱིས་ང་རང་གཅེན་གཅུང་ཚང་མ་སློབ་གྲྭ་སོང་ནས་ལས་ཀ་རག་རྗེས་མདོག་ཉེས་མ་ང་མུ་མཐུད་སློབ་སྦྱོང་བྱ་འདོད་ན་གཏོང་ཆོག་ཟེར། ང་རང་སེམས་ཀྱི་དགའ་སྤོབས་ཆེན་པོ་དེ་ཡང་ནས་བསྐྱར་དུ་སྙན་ཅོག་ཏོག་ཙམ་འོན་ཚར་བའི་སྤོ་རྨོ་གཉིས་ལ་བཤད་པ་ཡིན། དེ་རྗེས་མདོག་ཉེས་མ་ང་ལ་སླར་ཡང་སློབ་སྦྱོང་གི་གོ་སྐབས་རག་ནས་མཐོ་སློབ་ཏུ་རྒྱུག་སྤྲད་ལམ་ནས་འགྲོ་ཐུབ་བྱུང་། མཐོ་སློབ་ཏུ་སླེབས་རྗེས་ཀྱང་མདོག་ཉེས་མ་ང་ལ་སྔར་བཞིན་གྲོགས་ཕོ་མོ་མང་པོ་མེད། ཚང་མ་ང་དང་ཐག་རིང་སར་བསྡད་ཀྱི་འདུག མཛེས་མ་ཚོ་སྔར་བཞིན་མི་ཚོགས་ཀྱི་ལྟེ་བ་རེད། ང་རང་གོ་སྐབས་དེ་བཟུང་ནས་སློབ་སྦྱོང་ཧུར་ཐག་བྱེད་ཀྱི་ཡོད།  ང་རང་མཐོ་སློབ་ཏུ་འབད་བརྩོན་ཧུར་ཐག་བྱས་ནས་སྦྱང་འབྲས་ལེགས་པོ་ཐོན་རྗེས་ཕ་ཡུལ་ལ་ལེགས་སྐྱེས་ཏོག་ཙམ་ཕུལ་ཐུབ་ན་ཨང་སྙམ་ཡོད།

ལོ་དྲུག་གཉིས་བཅུ་གཉིས་ཀྱི་སློབ་མ་རམ་འབྱམས་པའི་མཛད་སྒོའི་ཐོག ང་མདོག་ཉེས་མའང་དེའི་ནང་གི་གཅིག་ཡིན། མདོག་ཉེས་མ་ང་ལ་རྒན་ལགས་ཀྱིས་སློབ་ཐོན་ལེགས་པར་ཐོན་པའི་དབུ་ཏོག་ཅིག་རྒྱན་བྱུང་། སྐབས་དེར་མདོག་ཉེས་མ་ངས་ལོ་མང་རིང་དཀའ་སྤྱད་འབད་འབུངས་གཞན་དང་མི་འདྲ་བ་བྱས་པའི་འདས་སོང་སྐྱུར་མོ་དག་ཡིད་ལ་འཁོར་བཞིན། མི་ཚོགས་དབུས་སུ་འཛེམས་ཟོན་དགོས་པར་བརྗེད་དེ་ཨ་མ་་་་ཞེས་སྐད་ཤུགས་ཆེན་པོས་ངུས་པ་ཡིན།

ང་རང་ཕྱིར་ཕ་ཡུལ་དུ་ལོག་རྒྱུ་བྱུང་སོང་་། ངའི་དགའ་སྤྲོའི་སེམས་ཁམས་འགོག་ཐབས་མེད་ཀྱང་ངའི་མི་ཚེ་དང་མང་དུ་འགྲོགས་མྱོང་བའི་ངའི་བརྩེ་ལྡན་གྱི་སྤོ་རྨོ་གཉིས་ཀ་ཕྱི་མིའི་ལམ་དུ་ཕེབས་ཟིན་འདུག འོན་ཀྱང་ངས་མདོག་ཉེས་མ་ང་རང་གསོ་སྐྱོང་གནང་མྱོང་བའི་ཕ་ཡུལ་མ་གཞིས་འདིར་ལེགས་སྐྱེས་ཏོག་ཙམ་ཕུལ་རྒྱུའི་ཆོད་སེམས་གཏན་པོ་བཅངས། གོ་སྐབས་བཟང་པོ་ཞིག་གིས་ངས་ཕ་ཡུལ་དུ་དྭ་ཕྲུག་སློབ་གྲྭ་ཞིག་གསར་བཙུགས་ཀྱི་ལས་གཞི་བསྒྲིག་ཐུབ་པ་བྱུང་སོང་། སྐབས་དེར་ང་རང་ས་ཁུལ་གྱི་འགོ་བྱེད་འགའ་དང་མཉམ་དུ་ཡུལ་གྲོང་དུ་ས་ཁང་ལྟ་རུ་སོང་། བསམ་ཡུལ་ལས་འདས་པ་ཞིག་ནི་སློབ་ཆུང་སྐབས་ཀྱི་སློབ་གྲོགས་སམ་ང་ལ་སྡིག་དམོད་བྱེད་མྱོང་བའི་བསྟན་འཛིན་ཁོ་ད་ཆ་རྐང་པ་མི་བདེ་བའི་དབང་པོ་སྐྱོན་ཅན་ཞིག་གྱུར་བ་མཐོང་།

ཤེས་གསལ་ལྟར་ན་ཡུལ་གྲོང་གི་ཕོ་གསར་རྫིག་ཤོས་བསྟན་འཛིན་ལ་གྲོང་ཁྱེར་ནང་གི་མཛེས་མ་ཞིག་དགའ་རོགས་རག་པ་རེད་ཟེར། དེ་ནས་བསྟན་འཛིན་གྱིས་རང་དང་ཁྱིམ་ལ་ཡོད་པའི་སྒོར་མོ་ཚང་མ་གྲོང་ཁྱེར་ནང་གི་མཛེས་མ་དེར་བཏང་ཚར་རྗེས་མཛེས་མ་དེས་གོ་སྐབས་བཟུང་ནས་བསྟན་འཛིན་ལས་སྒོར་མོ་མང་བའི་ཕྱི་གླིང་བ་མགོ་སེར་གཅིག་དང་གཉེན་བསྒྲིགས་ནས་བྲོས་འདུག  དེ་ནས་ཕོ་གསར་བསྟན་འཛིན་སྨྱོ་ལ་ཁད་ཙམ་བཟོས་རྗེས་དུ་ནག་རྒྱུན་སྤྱོད་ཀྱིས་རང་ཤི་ཐེངས་ཁ་ཤས་བརྒྱབས་ཀྱང་ལམ་ལྷོང་མ་སོང་བ་བྲག་རི་སྒང་ནས་མཆོང་དུས་རྐང་པ་ཡ་གཅིག་ཆག་འདུག

བསྟན་འཛིན་གྱིས་ང་མཐོང་མ་ཐག  ཁྱོད་སུ་ཡིན་ནམ། ངོ་ཤེས་འདྲ་མོ་འདུག འོ་ད་དྲན་སོང་་་་ང་ཚོའི་གྲོང་པའི་མདོག་ཉེས་མ་དེ་རེད་འདུག་ཅེས་ཟེར། ངས་བསྟན་འཛིན་གྱི་ཡིད་སྐྱོ་བའི་ལས་དབང་ལ་བློ་ཕམ་ཡོད་ཀྱང་། ཁོའི་མདུན་དུ་མགོ་བོ་ཡར་ལ་སྟེགས་ཏེ་རེད་ལགས། བསྟན་འཛིན་ལགས་ང་མདོག་ཉེས་མ་དེ་ཡིན། ད་དུང་ཡང་མདོག་ཉེས་མ་དེ་ཡིན། འོན་ཀྱང་མདོག་ཉེས་མ་ངས་ཁྱོད་རང་ལ་རོགས་པ་ཏོག་ཙམ་བྱེད་ཐུབ་སྲིད། ངས་གྲོང་ཚོའི་ཕྲུ་གུ་ཚོའི་ཆེད་དུ་དྭ་ཕྲུག་སློབ་གྲྭ་ཞིག་གཟུག་བརྩིས་ཡོད། ཁྱོད་ལ་མོས་པ་ཡོད་ན་སློབ་གྲྭར་ཡོང་ནས་ལས་ཀ་ཏོག་ཙམ་བྱེད་ན་འགྲིག ཅེས་བཤད་པ་ཡིན། དེ་རྗེས་བསྟན་འཛིན་ལགས་ཀྱིས་ངའི་སློབ་གྲྭའི་ཆེད་དུ་དཀའ་ལས་མང་པོ་བརྒྱབ་སོང་།

སློབ་གྲྭ་བཙུགས་ནས་ལོ་བཅུ་འཁོར་བའི་མཛད་སྒོའི་ཐོག་བསྟན་འཛིན་ལགས་ཀྱིས་སྡེངས་ཆའི་ཐོག་ནས་རྒྱང་གྲགས་ནང་སྐད་མགོ་མཐོན་པོས། ཀ་ཡེ་མདོག་ཉེས་མ། ང་ཁྱོད་ལ་དགའ་ནས་ལོ་ངོ་བཅུ་ཏག་ཏག་སོང་འདུག དེ་སྔོན་ཁྱོད་ཀྱི་ངོ་གདོང་དེ་མཐོང་ཡོང་དུས་ང་ལ་སྐྱུག་བྲི་དྲོ་རྒྱུ་ལས་གཞན་ཚོར་བ་གང་ཡང་མེད། འོན་ཀྱང་ལོ་བཅུའི་རིང་ངས་མདོག་ཉེས་མ་ཁྱོད་ཀྱི་མཛེས་སྡུག་གི་ཕྱོགས་མཐོང་ཡོད་ལ། ངའི་མཐོང་ཡོད་པ་དེ་ནི་མདོག་ཉེས་མ་ཁྱེད་ཀྱི་སེམས་ཁམས་ཀྱི་ཁྱད་དུ་འཕགས་པའི་མཛེས་ཆོས་དེ་ཡིན། ང་ཁྱེད་ལ་དགའ་ནས་རྒྱུན་རིང་སོང་། ངས་ཁྱེད་ལ་སྒུག་ནས་ལོ་མང་འགོར།  གལ་ཏེ་ཁྱེད་ལ་མོས་པ་ཡོད་ན་ངའི་མནའ་མ་བྱེད་ན་འགྲིག་གམ། ཁྱོད་མནའ་མ་རག་ན་ངའི་མི་ཚེ་ལ་གཟི་བརྗིད་ཀྱི་འོད་མདང་འཚེར་ངེས་། ཅེས་བསྒྲགས་སོང་།

མདོག་ཉེས་མ་ངས་ང་ཚོའི་ཡུལ་གྲོང་དུ་སྐད་གྲགས་ཡོད་པའི་ཕོ་གསར་རྫིག་ཤོས་བསྟན་འཛིན་གྱི་སེམས་བཀུག་འདུག བསྟན་འཛིན་ནི་མི་གང་འདྲ་ཞིག་ཡིན་མིན་ངའི་སེམས་ལ་ཝ་ལེར་ཡོད། ཁོང་ནི་སེམས་བཟང་ཅན་ཞིག་ཡིན་པའི་ཐོག་ཨུ་ཚུགས་ཏོག་ཙམ་ཡོད་པའི་ཕོ་གསར་ཞིག་རེད།

ཕ་ཡུལ་གྱི་བསིལ་རླུང་ཁྲོད་ནས་ང་རང་གི་དགའ་སྤྲོ་འགོག་མ་ནུས་པར། དེ་སྔོན་ཁྱེད་ཀྱིས་ངའི་སྐྲ་ནས་འཐེན་ནས་ཁྱོད་ཀྱི་རྫིག་ཉམས་ལ་གནོད་དོག་འདུག་ཟེར་མྱོངས་། དེ་རིང་མདོག་ཉེས་མ་ང་ཁྱོད་ཀྱི་མནའ་མ་སོང་ན་ཁྱོད་ཀྱི་མི་ཚེ་ལ་གཟི་བརྗིད་བསྐྲུན་ཐུབ་ན་ང་ལོས་ཀྱང་དགའ་ཞེས་སྐད་གསང་མཐོན་པོས་མི་ཚོགས་དབུས་སུ་བསྟན་འཛིན་ལགས་སུ་ལན་འདེབས་བྱས་པ་ཡིན།

དེ་རྗེས་མདོག་ཉེས་མ་ངའི་མི་ཚེ་ནི་ཡིད་དུ་འོང་བ་ཞེས་ཟེར་མི་སྤོབས་ཀྱང་དོན་སྙིང་ལྡན་ཞིང་། ཚ་གདུང་དུས་སུ་སེམས་པར་བསིལ་རླུང་ལྡང་བ་ལྟ་བུ་དང་། དགུན་གྱི་སྐབས་ལ་ཡ་ཆུང་གྲང་འཁྱག་གིས་བསྡམས་མི་དགོས་པར་དྲོད་སོབ་སོབ་ལྟ་བུ་ཞིག་ཡོད་ཟེར་ན་ཕལ་ཆེར་འཚམ་པར་ངེས། དེ་བས་ངས་འདི་ནས་ང་འདྲ་བའི་མདོག་ཉེས་མ་མང་པོས་འབད་འབུངས་ཀྱི་རྒྱུན་ཐག་མ་ལྷོད་པར་རིན་ཆེན་མི་ཚེའི་དུས་སྐབས་འདི་དམ་འཛིན་གྱིས་བདེ་སྐྱིད་ཀྱི་མ་འོངས་པ་ཞིག་བསྐྲུན་ཐུབ་པའི་སྨོན་འདུན་ཞུ་བཞིན་ཡོད།

 

༢༠༠༡༠་ལོའི་ཟླ་་༣་་པའི་ཚེས་་༨་ཉིན་བྲིས།

Share this:
༣༡༡ ཀློག་གྲངས།