ཉེ་ཆར་ལི་ཐང་གི་གནས་ཚུལ་འགའ།

                                ཉེ་ཆར་ལི་ཐང་གི་གནས་ཚུལ་འགའ།                        

ཟླ་ངོ་འགའ་ཤས་ནང་མི་ལ་ཁ་པར་བཏང་ནས་སྐད་ཆ་མོལ་བའི་དུས་ཚོད་མ་བྱུང་། ད་ནང་ཞོགས་པར་གློ་བུར་དུ་ནང་ལ་ཁ་པར་ཞིག་བཏང་ཡིན། དེའི་ཕྱིར་ཁ་སང་དེ་རིང་ལི་ཐང་གི་གནས་ཚུལ་འགའ་འདིར་ཕྱི་ནང་གི་སྤུན་ཟླ་དག་གིས་རྣ་ལམ་དུ་ཞུས་ན་ཕན་པ་ལས་གནོད་པ་མི་ཆེ་བར་བརྟེན་ཞུ་འདོད་བྱུང་། འདི་ནས་བརྩིས་པའི་ཟླ་བ་གཅིག་མ་ཟིན་ཙམ་ལ་གནས་ཚུལ་ཐོན་གསལ་ལྟར་ན་བོད་པའི་ཕྲུ་གུ་གཅིག་གིས་འཕྲུལ་རྟ་ཞོན་ནས་བྲག་དཀར་ཕྱོགས་ཀྱི་གཞུང་ལམ་དུ་ཆས་སྐབས་གློ་བུར་དུ་བོད་པའི་རླངས་འཁོར་ཞིག་དང་གདོང་ཐུག་བརྒྱབས་ནས་ཕྲུ་གུ་དེ་རྐྱེན་ལམ་དུ་བཏང་འདུག 

  

                     མི་དག་གིས་བཤད་ན་སྐྱོན་གཙོ་བོ་རླངས་འཁོར་ཁ་ལོ་བ་དེར་འདུག་པས་མི་སྟོང་འཇལ་ལོས་དགོས་ཟེར་ཆོག་ཀྱང་བོད་ཕྲུག་དེའི་ནང་མི་སྤུན་མཆེད་ཅིག་གྲྭ་བ་ཞིག་རེད་འདུག་པས་ཁོས་རླངས་འཁོར་ཁ་ལོ་བར་བཤད་རྒྱུ་མ་གཞི་ནས་ང་ཚོ་ནང་མི་ལའང་སྡུག་མེད་པར་མིན་མོད། འོན་ཀྱང་ད་ལྟ་བོད་མི་རིགས་ཟེར་བ་འདི་ཁ་འཐོར་དགུ་འཐོར་དུ་འགྲོ་དང་འགྲོ་བཞིན་ཡོད་པས་ངེད་ཅག་ནང་ཁུལ་མཐུན་སྒྲིལ་ནི་མེད་དུ་མི་རུང་བ་ཞིག་ཡིན་པས་མི་སྟོང་མི་དགོས་ཟེར་ནས་ཤོག་དངུལ་ཟུར་གཅིག་ཀྱང་ལེན་མ་སོང་ཟེར།  གཉིས་པར་ཉིན་གསུམ་ཙམ་ཞིག་གི་སྔོན་དུ་ཕོ་གསར་གཅིག་གིས་རླངས་འཁོར་བཏང་ནས་ལི་མཁའ་ཞིང་ཟེར་བའི་ལམ་དུ་སྐྱོད་སྐབས་ཡང་བསྐྱར་འཕྲུལ་རྟ་ཞོན་པའི་མི་གཉིས་དང་གདོང་ཐུག་བརྒྱབས་ནས་མི་གཉིས་དེ་གར་རྐྱེན་ལམ་དུ་བཏང་འདུག འཕྲུལ་རྟ་ཞོན་པའི་མི་གཅིག་ནི་ཕ་རྒན་ཞིག་ཡིན་པ་དང་། གཅིག་ནི་ལོ་ཆུང་ཞིག་རེད་ཟེར། ལོ་ཆུང་དེ་དེ་མ་ཉིད་དུ་རྐྱེན་ལམ་དུ་སོང་བ་དང་། ཕ་རྒན་དེ་སྨན་ཁང་དུ་ཁྱེར་བ་དང་དབུགས་ཆད་སོང་ཟེར།                       

               དེ་ནས་རླངས་འཁོར་གྱི་བདག་པོ་ཁ་ལོ་བ་དེ་མ་ཉིད་དུ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། རླངས་འཁོར་ཁ་ལོ་བའི་སྤུན་མཆེད་དང་ནང་མི་དག་འདས་པོ་གཉིས་ཀྱི་ཁྱིམ་དུ་ཕྱིན་ནས་དགོངས་དག་ཞུས་ཡོད་ཀྱང་དེ་གཉིས་ཀྱི་ནང་མི་དག་གིའང་གོང་གི་དེ་སྔོན་གནས་ཚུལ་བཞིན་ད་ལྟ་མི་རིགས་འདི་མཐུན་ལམ་གལ་ཆེ་བས་གང་ཡང་མི་སྐྱོན་མི་སྟོང་འཇལ་མི་དགོས་ཟེར་ནས་ཤོག་དངུལ་ཟུར་གཅིག་ཀྱང་ལེན་རོགས་མ་བཟོས་ཐལ་ཟེར། དེ་ལྟར་ཡིན་ཡང་རླངས་འཁོར་ཁ་ལོ་བའི་ནང་མི་དག་གིས་འདས་པོ་ཁོང་གཉིས་ལ་མཆོད་འབུལ་རྒྱ་སྒོར་༡༠༠༠༠གཅིག་གིས་བཟོས་ཡོད་པ་དང་། དེ་མིན་གྱི་འདས་པོ་གཉིས་ཀྱི་ནང་མི་དག་ལ་རྗེས་སུ་རོགས་གང་ཐུབ་ཞུ་ཟེར་ནས་བསམ་པ་གཅིག་མཐུན་བྱུང་འདུག་པ་མ་ཟད་ཕྱི་ཉིན་འདས་པོ་གཉིས་ཀྱི་ནང་མི་དག་ཉེན་རྟོག་པའི་སྒོ་ཁར་སོང་ནས་རླངས་འཁོར་ཁ་ལོ་བ་འདི་མགྱོགས་པོ་ཀློད་གྲོལ་དགོས་པ་དང་། མ་ཟད་འདས་པོ་གཉིས་ཀྱི་ནང་མི་དག་ལ་ཅི་ཡང་མི་སྐྱོན། ཁ་ལོ་བ་དེ་ཀློད་རོགས་ཞེས་ཞུ་བ་བྱས་འདུག་པས་ན་ཉིན་བཅོ་ལྔ་རྗེས་ནས་རླངས་འཁོར་ཁ་ལོ་བ་འདི་ཡང་ཀློད་ཀྱི་རེད་ཟེར།                        

               འདི་དང་འདི་འདྲ་བའི་རིགས་ཀྱི་གནས་ཚུལ་དག་ནི་ད་སྐབས་ལི་ཐང་གཅིག་པུ་མ་ཡིན་པར་ཁམས་ཀྱི་ཕྱོགས་ཡོངས་དང་། ཨ་མདོའི་ཕྱོགས་སུ་རིམ་བཞིན་འཐོན་དང་ཐོན་བཞིན་པ་རེད། དེའི་ཕྱིར་ཕྱི་ནང་ན་གནས་པའི་སྤུན་ཟླ་དག་གིས་གནས་བབ་གང་དུ་བསླེབས་རུང་འདི་འདྲའི་གནས་ཚུལ་སེམས་སུ་ཉར་ནས་ད་ལྟ་བོད་མི་རིགས་འདི་ཉིད་མཐུན་སྒྲིལ་གྱི་ལམ་བུ་ལ་སྐྱོད་རྒྱུ་ནི་ལྡོག་དུ་མེད་པའི་ལས་འགན་ཞིག་རེད་འདོད།                                                                                                                གནས་ཚུལ་འདི་འབྲི་བ་པོ་ལི་ཐང་དབྱིག་གཉེན་གྱིས། 

Share this:
༢༧༢ ཀློག་གྲངས།