༼ཕྱིར་དྲན་ཀློང་གི་ཨ་མ།༽

 དེ་རིང་གི་ཕྱི་རོལ་བྲེལ་ཟིང་ཆེ་ལ་ཅ་ཅོ་མང་།

དེ་རིང་གི་ཕྱི་རོལ་སྐྱོ་ཉམས་ཆེ་ལ་ཡིད་ཐང་ཆད།

འདི་ལྟབུའི་ས་མཐའི་འཇིག་རྟེན་ནས།

དེ་རིང་གློ་བུར་དུ་ཐོས་པའི་ཁྱེད་ཀྱི་གསུངས་སྐད་དེ།

ཁུ་བྱུག་སྔོན་མོ་མོན་ཡུལ་ནས་ཐོན་པའི་གསུངས་དབྱངས་ལས་ཀྱང་འགྲན་ཟླ་བྲལ་ལ།

བུ་མོ་སྒྲོལ་མའི་རྩྭ་ཐང་ན་གྱེར་བའི་མཛའ་གླུ་ལས་ཀྱང་དེ་བས་སྙན།

ཨ་མ།     ཁྱེད་ཀྱི་ངལ་དུབ་དང་བརྩེ་ཞེན།

དྲན་གདུང་དང་རེ་བསྒུག་ཀློང་གི་གསུངས་དབྱངས་དེས།

ཁ་པར་གྱི་ཚུར་སྣེ་རུ་སྡོད་པའི་ངའི།

ཐམས་ཅད་ཕྱིར་དྲན་ཀློང་ན་ཆས་དགོས་བྱུང་།

དབྱར་གཞུང་དེར།

ཨ་མ་ང་ཚོས་སྦྲ་ནག་གྲུ་བཞིའི་ནང་རོལ་ནསཨ་མྱེའི་གནའ་གཏམ་ལ་ཉན་དུས་དང་།

ཞོགས་པའི་སྐྱ་རེངས་ལྷ་མོའི་གོམ་བགྲོད་དང་འགྲོགས་པའི་ཨ་མ།

སུ་ཞིག་ལ་བསུ་བ་དང་སྨོན་འདུན་བྱ་བཞིན།

སུ་ཞིག་གི་རེ་བསྒུག་དང་ཐུག་འཕྲད་དེའི་སླད་དུ་འབད་པའི་ཁྱེད།

སྦྲ་ནག་གི་དུ་ཁུང་ནས་དུ་བ་སྔོ་ལྷོག་ལྷོག་ངང་དགུང་ལ་འཕྱོ་དུས།

ནངས་ཇ་སྐོལ་ལས་ལ་བྲེལ་བའི་ཨ་མའི་དངུལ་ཆུ་དང་།

ཡང་ཁྱེད་ལྷས་རར་གོམ་ཁ་སྒྱུར་བཞིན།

 དབྱར་ཟླ་གསུམ་ལྕི་འདམ་ཁྲོད་ཀྱི་དཀའ་ཚེགས་ཇི་ལྟར་ཆེ་ཡང་།

ཁྱེད་ཀྱིས་ཞོ་དབྱངས་སྙན་མོ་དབྱངས་སུ་གྱེར་བཞིན།

ཆར་སྨག་ཁྲོད་ནས་ཕྱུགས་ལས་བྲེལ་བའི་ནམ་དུས་དེ་དྲན་བྱུང་།

དགུན་གཞུང་གི

མ་བུ་རྒྱང་དུ་གྱེས་ཁའི་ས་སྲོད་དེར།

ངས་རེ་འདུན་སྟོང་གི་འོད་མདངས་རྒྱགས་ཕྱེ་རུ་ཁྱེར་ནས།

ཡར་ཀླུང་གཙང་པོའི་འགྲམ་རྒྱུད་དེ་བདས་ཆེད།

ཕོ་བྲང་དམར་པོར་གྱེས་ཕྱག་དང་སྨོན་འདུན་ཞུ་བའི་མཚན་གཞུང་ལ།

 སེམས་ཀྱི་ཞིང་ས་གཤིན་པོ་ཆེས་མག་མོག་ཏུ་གྱུར་བའི་ཨ་མ

སྡུག་ཡུས་དང་ངུ་འབོད་ཀློང་ནས་ང་ལ་སྐྱེལ་མ་གནང་བའི་ཁྱེད་ཀྱི་མིག་ཆུ་དྲན་ལ།

སྒེག་ཉམས་ཀྱི་ལང་ཚོའི་ཕྱུག་པའི་བྱམས་ལྡན་མ་ལོའི་སྐུ་གཟུགས་དྲན།

དྲན་གདུང་སེམས་ཁ་ན་ལྕི་ཞིང་།

རེ་འདུན་མཆོག་གསུམ་ན་བཅོལ་བའི་ནོར་རྗེས་ཀྱི་ཨ་མ།

ཁྱེད་ཀྱིས་ངའི་ཕྱིར་ཡོང་ལ་བསྒུག་བསྒུག་པའི་དེ་རིང་ལ་ཐོན་ན་ཡང་།

ས་མཐའི་ལས་དབང་ལ་རྫོགས་མཐའ་མེད་ཅིང་།

ཤེས་རིག་གི་སྦྲང་ཆར་ལ་འཛད་མཐའ་མེད་རྐྱེན།

ང་རང་ཕྱིར་ལོག་གི་སྤོབས་པ་ཞུམ་ཐལ།

ད་དུང་ཡང་།

བུ་མོ་ཕྱིར་འོང་གི་རྐང་ལམ་ཕྲ་མོ་དེ་ཆེས་དོག་དྲགས་ནས།

རྒྱང་རིང་ས་མཐའ་ན་འཁྱམས་པའི་དགོས་དོན་དེ་ཆེས་མང་དྲགས་པས།

ངས་ད་དུང་ས་མཐའི་འཚོ་བར་བཞི་ཤད་བཞག་ནས་ཉིས་ཤད་ཀྱང་འཐེན་ཐབས་བྲལ་སོང་།

རྒྱང་རིང་འབྲོག་་དེའི་ལྕི་འདམ་ཁྲོད་ནས།

ཉི་ཟླ་འཆར་ནུབ་ཁྲོདཁྱིམ་ལས་ལ་བྲེལ་བའི།

དྲིན་ཆེན་ཨ་མ།

ལས་དབང་ཟེར་བ་ཞིག་ངོ་མ་ཡོད་ན།

ངས་རྒྱལ་ཁམས་ལན་ཅིག་འགྲིམས་ནས་ཨ་མའི་པང་དུ་ཕྱིར་ལོག་ཡོང་

ང་ལ་ཤེས་རིག་གི་སྦྲང་ཆར་ཐོབ་ཚེ་ང་ཡུལ་ན་ངོ་མ་ལོག་ཡོང་།

ཆེས་དྲན་པའི་རྩྭ་ཐང་གི་འཇིག་རྟེན་ཉུལ་བའི་ཨ་མའི་པང་ན་ལོག་ཡོང་།

༢༠༡༣་༨་༡༠་ཡི་མཚན་གཞུང་དེར་སྦྱར་ཁུལ་བྱས།

Share this:
༣༣༦ ཀློག་གྲངས།