ཡུལ་ཤུལ་དགེ་འབྲོང་རྫ་སྟོད་རྫོང་དུ་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ།

8367f0f4-ec2b-49c8-b7bf-3fcd0764b418ཕྱི་ཟླ་༨ པའི་ཚེས་༡༣ ཉིན་བསྐྱར་དུ་ཁམས་ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་རྫོང་དུ་རྒྱ་མི་གཏེར་ཁ་སྔོག་འདོན་པ་མང་པོ་ཞིག་ཨ་སྟོད་ཡུལ་ཚོ་དང་། སྤྱི་རྫ་ཡུལ་ཚོ། རྫ་ཆེན་ཡུལ་ཚོ་སོགས་ས་གནས་ཁག་གསུམ་དུ་འབྱོར་ཡོད་འདུག

འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། རྫ་ཆེན་ཕྱོགས་ཀྱི་རི་བོ་ར་འདྲའི་མགར་བ་མཆེད་བརྒྱད་ཀྱི་ཕྱོགས་དང་། སྤྱི་རྫ་རྫ་དགུའི་གཞུང་ནས་བརྐོ་རྒྱུ་ཡིན་འདུག་ཀྱང་། མི་མང་གིས་ས་ཆེན་གཞུང་ནས་བཀག་ཡོད་འདུག ཨ་སྟོད་ཕྱོགས་ཀྱི་རི་བོ་སྟོང་དཔོན་རྡོ་རྗེ་རབ་གསལ་དུ་རྒྱལ་སྲིད་སྣ་བདུན་ཡོད་པའི་ནང་གི་བློན་པོའི་ཕྱོགས་ནས་བརྐོ་རྒྱུའི་འཆར་གཞི་ཡོད་འདུག  རི་བོ་དེ་ཚོར་ས་ཁམས་བརྟག་དཔྱད་བྱེད་མཁན་གྱི་རིན་ཐང་བྲལ་བའི་ཕ་ལམ་དཀར་པོའི་གཏེར་ཁ་ཡོད་པ་ཤེས་ནས་ སྔོག་འདོན་གྱི་ལས་གཞི་དེ་སྤེལ་བ་ཡིན་སྐོར་ཤོད་ཀྱི་འདུག

 

རྫ་ཆེན་ནས་རྒྱལ་མཚན་དང་། བསྟན་འོད།  ཨ་སྟོད་ནས་ཁེ་ཚ་བསོད་རྡོར་དང་། ན་ག་བུ་རྫི། གཡག་སྦྲའི་ཁྲ་རྦོ། སྤྱི་རྫ་ནས་ཁྲོམ་པའི་བུ་ཁྲ་བཅས་ལ་རྒྱ་ནག་གཞུང་གིས་སྔོན་ནས་འཇུ་བཟུང་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་འདུག་པ་དང་། ད་ལྟ་ཡང་ཁོང་ཚོས་འགོ་ཁྲིད་ནས་རྫ་སྟོད་ས་གནས་སོ་སོའི་མི་མང་ཚོས་རྡོག་རྩ་གཅིག་སྒྲིལ་གྱིས་ཕོ་ཟད་མོ་དང་ལག་ཟད་དཔུང་ལ་ཐུག་ཀྱང་གཏེར་ཁ་ཅུང་ཟད་ཙམ་བརྐོ་བཅུག་གི་མིན་ཟེར་བཞིན་བསྡད་འདུག རྫ་སྟོད་རྫོང་གི་ཁྲོམ་ལམ་ཡོངས་རྫོགས་དེང་སྐབས་དམག་གིས་བསྐོར་ནས་འཇིགས་སྐུལ་དང་དྲག་གནོན་གྱི་རྣམ་པ་ཤུགས་ཆེན་སྟོན་གྱི་ཡོད་འདུག་ལ། རིང་མིན་གཏེར་ཁ་སྔོག་འདོན་བྱེད་སའི་ཕྱོགས་གཏོང་ངེས་པ་ས་གནས་མི་མང་གིས་ཚོད་དཔག་བྱེད་ཀྱི་འདུག ས་གནས་མི་མང་རྣམས་འཇིགས་སྐྲག་དང་དོགས་པའི་ངང་དུ་གནས་འདུག

ད་ལྟའི་ཆཪ་ས་ཕྱོགས་དེ་གསུམ་ལ་ངོ་རྒོལ་བྱེད་མཁན་རྫ་ཆེན་ལ་མི་མང་༡༠༠༠ ལྷག་ཙམ་དང་། ཨ་སྟོད་ལ་མི་མང་༡༢༠༠ ཙམ།  སྤྱི་རྫ་ལ་མི་མང་༡༥༠༠ ལྷག་ཙམ་རེ་སླེབས་ནས་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་དང་བཀག་འགོག་བྱེད་བཞིན་པ་རེད་འདུག

སྤྱིར་ཨག་སྟོད་དུ་གཏེར་ཁ་སྔོག་འདོན་བྱེད་མཁན་༡༠༠ ལྷག་ཙམ་དང་། རྫ་ཆེན་ལ་༡༥༠ ཙམ། སྤྱི་རྫའི་ཕྱོགས་ལ་༢༠༠ ལྷག་ཙམ་ཡོད་པའི་གནས་ཚུལ་འདུག

ཁམས་དགེ་འབྲོང་རྫ་སྟོད་རྫོང་དུ་གཏེར་ཁ་བརྐོ་བའི་གནས་ཚུལ་དེ་༢༠༡༢ ལོའི་ཕྱི་ཟླ་༧ ནང་རི་བོ་རྫ་ཆེན་ར་འདྲའི་མགར་བ་མཆེད་བརྒྱད་དུ་རྒྱ་གསེར་རྐོ་མང་པོ་ཞིག་སླེབས་ནས་གཏེར་བརྐོ་གྲབས་བྱས་པ་དང་། ས་གནས་མི་མང་གིས་བཀག་འགོག་ཤུགས་ཆེན་བྱེད་སྐབས། རྒྱ་གཞུང་གིས་ས་གནས་མི་མང་སུས་གཏེར་ཁ་བརྐོ་རྒྱུར་བཀག་འགོག་བཟོས་ན་འཛིན་བཟུང་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་ཀྱང་། ཁོ་རང་ཚོའི་གཏེར་ཁ་བརྐོ་བྱེད་ཀྱི་འཕྲུལ་ཆ་ལ་སྐྱོན་བྱུང་ནས་ལོ་དེར་བརྐོ་མ་ཐུབ་པར་ལུས་པ་རེད། ཡིན་ཡང་འཕྲུལ་ཆས་ལ་སྐྱོན་བྱུང་བ་དེ་ས་གནས་མི་མང་གིས་བྱས་ཡོད་པའི་ཉེས་མེད་ཉེས་འགེལ་བྱས་ཡོད་ནའང་། སྐབས་དེར་ཐོག་བརྒྱབ་ནས་འཕྲུལ་ཆས་ལ་སྐྱོན་བྱུང་བ་ཡིན་སྐོར་ས་གནས་མི་མང་གིས་ཤོད་བཞིན་འདུག །8367f0f4-ec2b-49c8-b7bf-3fcd0764b4189649057c-dd81-4a45-9f72-034584762a3d5164b72b-09c4-4ea0-b33a-37a97f452816

Share this:
༣༦ ཀློག་གྲངས།