རྒྱ་གར་རང་བཙན་དུས་ཆེན་བོད་མིས་སྲུང་བརྩི་བྱས་ཡོད་པ་རེད།

lobsang1_2013_8_15ཟླ་འདིའི་ཚེས་༡༥ ཉིན་ནི་རྒྱ་གར་གྱི་“བརྒྱད་པའི་བཅོ་ལྔ་”ཞེས་རང་བཙན་དུས་ཆེན་གྱི་ཡིན་མོ་ཡིན་པ་དང་། ཉིན་དེའི་སྔ་དྲོ་ཆུ་ཚོད་༩ པའི་ཐོག་བཙན་བྱོལ་བོད་མིའི་བཀའ་ཤག་གི་སྒོ་རུ་སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་དང་། འཚམས་འདྲི་ཞུས་གནང་ཡོད་པ་རེད།

དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གིས་དབུས་བཀའ་བློན་རྣམ་པ་དང་། དྲུང་ཆེ་རྣམ་པས་དབུས་མཐོ་རིམ་ལས་བྱེད་ཁག་བཅར་ཡོད་པ་དང་། རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་རྗེས། བཀའ་ཤག་ཚོགས་ཁང་དུ་ཇ་སྟོན་སྟབས་བདེ་ཞིག་གོ་སྒྲིག་བྱས་ཡོད་པ་རེད།

lobsang_2013_8_15སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེར་རྒྱ་གར་རང་བཙན་ཉིན་མོའི་སྐོར་ལ་གསར་འགོད་པས་བཅར་འདྲི་ཞུས་པར། ཁོང་གིས་རྒྱ་གར་གཞུང་མང་ལ་འཚམས་འདྲི་གནང་དོན། “དེ་རིང་ཕྱི་ཟླ་༨ ཚེས་༡༥ ཉིན་རྒྱ་གར་གྱི་དུས་ཆེན་གལ་ཆེན་པོ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་ལྔ་བཅུ་ལྷག་ལ་རྒྱ་གར་ནང་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ཤོས་གནས་ཡོད་པ་རེད། འཛམ་གླིང་གང་སར་བོད་པ་ལ་ཕན་ཐོགས་ཆེ་ཤོས་རྒྱ་གར་ཆགས་ཡོད་པ་རེད་”ཅེས་གསུངས་སོང་།

ཁོང་གིས་ཉིན་དེར་གཞིས་བྱེས་བོད་མི་ཚོར་གསུངས་དོན། “རྒྱ་གར་དེ་མིག་དཔེ་བཟང་པོ་རེད། མང་གཙོའི་ལམ་ལུགས་ཡིན་པ་དང་། ཞི་བའི་ཐོག་ནས་རྩ་དོན་བརྩད་དེ་འགྲུབ་པ་ཞིག་ཡིན་པས། ང་ཚོ་ཡིན་ནའང་གཞི་རྩའི་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ཞི་བའི་ཐོག་ནས་རྩ་དོན་རྩོད་ཀྱི་ཡོད་པས། རྒྱ་གར་དཔེ་ཡག་པོ་རེད་བསམ་གྱི་འདུག འཛམ་གླིང་ནང་རྒྱ་གར་གཙོས་རྒྱལ་ཁབ་དང་རྩ་དོན་རྩོད་མཁན་ལྔ་བཅུ་ལྷག་གིས་ཞི་བའི་ཐོག་ནས་རྩ་དོན་བརྩད་དེ་འགྲུབ་ཡོད་པས། ང་ཚོ་ཡིན་ནའང་རེ་བ་གཅིག་པུ་མ་ཡིན་པར་ལོ་རྒྱུས་ཀྱི་ཐོག་ཞི་བའི་ལམ་ནས་རྩ་དོན་འགྲུབ་ཀྱི་ཡོད་པ། ང་ཚོ་ལ་ཡང་ཏན་ཏན་གོ་སྐབས་ཤར་གྱི་རེད་བསམ་གྱི་འདུག་”ཅེས་གསུངས་སོང་།

དེ་བཞིན་ཉིན་དེར་རྒྱ་གར་གྱི་ས་གནས་གང་སར་རང་བཙན་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུ་ཡི་ཡོད་པ་ལྟར། བོད་མི་ཚོའི་ངོས་ནས་ཀྱང་དུས་ཆེན་དེ་སྲུང་བརྩི་དང་འཚམས་འདྲི་ཞུས་ཡོད་པ་རེད།

རྒྱ་གར་མི་ལོ་༢༠༠ ཙམ་ལ་དབྱིན་ཡུལ་གྱི་དབང་བསྒྱུར་འོག་བསྡད་ཡོད་པ་དང་། ༡༩༤༧ ལོར་རྒྱ་གར་ལ་རང་བཙན་ཐོབ་ཡོད་པ་རེད།།

Share this:
༧༨ ཀློག་གྲངས།