ཨི་ཇིབ་ནང་གཞི་རྒྱ་ཆེ་བའི་ཟིང་འཁྲུག་གི་དོན་རྐྱེན།

ཨི་ཇིབ་ཀྱི་སྲིད་འཛིན་ཟུར་པ་མཱར་ཞ་(Mursi) ལ་རྒྱབ་སྐྱོར་བྱེད་མཁན་དང་སྲིད་གཞུང་གི་དམག་མིའི་དབར་ལ་གཞི་རྒྱ་ཆེ་བའི་འཁྲུག་འཛིང་གི་དོན་རྐྱེན་བྱུང་སྟེ། ཨི་ཇིབ་སྲིད་གཞུང་གིས་ཟླ་༡ རིང་རྒྱལ་ཡོངས་ཛ་དྲག་གི་གནས་སྟངས་འོག་ལུས་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་འདུག

ཟིང་འཁྲུག་དེའི་ནང་གསར་འགོད་པ་གཉིས་ཀྱི་ཚེ་སྲོག་ཤོར་ཡོད་པ་དང་། ཁོང་གཉིས་ནི་དབྱིན་ཡུལ་གྱི་བར་སྣང་བརྙན་འཕྲིན་ཁང་གི་རང་ལོ་༦༡ ཡིན་པའི་པར་པ་མཱི་ཁུ་ཌན་ (Mick Deane) ཞེས་པ་དང་། གཞན་དེ་དཀྱིལ་ཤར་གསར་འགྱུར་ཚན་པ་ (Xpress ) ཡི་གསར་འགོད་པ་རང་ལོ་༢༦ ཡིན་པའི་ཨི་ལ་རྫི  (Habiba Ahmed Abd Elaziz) ཞེས་པ་གཉིས་ཡིན་པ་རེད། གོང་གི་གསར་ཁང་གཉིས་ཀྱིས་གནས་ཚུལ་དེ་བདེན་པ་ཡིན་པའི་ར་སྤྲོད་བྱས་ཡོད་འདུག

ས་གནས་ཀྱི་དུས་ཚོད་རེས་གཟའ་ལྷག་པའི་(ཕྱི་ཟླ་༨ པའི་ཚེས་༡༤) ཞོགས་པར ། ཨི་ཇིབ་ཀྱི་རྒྱལ་ས་ཁའེ་རོ་(Cairo) ཡི་ཉེན་རྟོག་པ། སྲིད་འཛིན་ཟུར་པ་མཱར་ཞ་ཡི་རྒྱབ་སྐྱོར་བ་འདུས་སྡོད་ས་གནས་སུ་བསྐྱོད་དེ་དྲག་གནོན་བྱས་ཡོད་པ་དང་། དོན་རྐྱེན་དེའི་ཁྲོད་ཉུང་མཐའ་ཡང་མི་༩༤ ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་རེད། ངོ་རྒོལ་བ་སྡོད་གནས་ཆེ་ཤོས་གྲོང་ཁྱེར་ཤར་ཕྱོགས་ཀྱི་ཁ་ཆེའི་ལྷ་ཁང་ཞིག་གི་ཉེ་འགྲམ་དུ་ཆུ་ཚོད་ཁ་ཤས་རིང་འཁྲུག་འཛིང་ཤོར་ཡོད་པ་དང་། ས་གནས་དེར་ཁྲག་དང་མི་བསད་པའི་ཕུང་པོས་གང་ཡོད་པ་རེད།

ས་གནས་དེའི་ཞོགས་པ་ཙམ་ལ། ཉེན་རྟོག་པས་ངོ་རྒོལ་བ་འདུས་གནས་གྲོང་ཁྱེར་ཤར་ཕྱོགས་ཀྱི་ལཱ་བྷི་ཡའི་ཁ་ཆེའི་ལྷ་ཁང་དང་། གྲོང་ཁྱེར་ནུབ་ཕྱོགས་ཀྱི་མཐའ་མཚམས་སུ་ཡོད་པའི་ཁའེ་རོ་སློབ་གྲྭ་ཆེན་མོའི་རིག་རྩལ་ཐང་ཆེན་གཉིས་སྒོ་བརྒྱབ་སྟེ། ངོ་རྒོལ་བ་གཙང་སེལ་བྱས་ཡོད་པ་དང་། རོའུ་ཌར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེན་རྟོག་པས་མེ་མདའ་བརྒྱབ་པ་དང་དུག་རླངས་གཏོར་བ་སོགས་བྱས་པའི་རྗེས། དམག་གི་རླངས་འཁོར་དང་ས་སློག་འཕྲུལ་འཁོར་སླེབས་ཏེ་ས་གནས་དེའི་ངོ་རྒོལ་བའི་སྡོད་གུར་མེད་པར་བཟོས་ཡོད་འདུག་ལ། བར་སྣང་དུ་ཉེན་རྟོག་པའི་ཐད་འཕུར་གནམ་གྲུས་སྐོར་བསྐྱོད་བྱས་ཡོད་པ་རེད།

སི་ཨན་ཨན་CNN གསར་ཁང་གིས་ཁ་ཆེ་སྤུན་ཟླ་ཚོགས་པའི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། དོན་རྐྱེན་དེའི་ཁྲོད་ངོ་རྒོལ་བ་༢༠༠ ཙམ་དམར་བསད་བཏང་ཡོད་པ་དང་། མི་བརྒྱད་སྟོང་ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག  ཉེན་རྟོག་པའི་བྱ་སྤྱོད་དེ་ལ་“དམར་གསོད་ཆེན་མོ་”འགྲེལ་བརྗོད་བྱས་ཡོད་པ་རེད། ཨི་ཇིབ་གཞུང་གིས་བརྗོད་པ་ལྟར་ན། དོན་རྐྱེན་ཁྲོད་ངོ་རྒོལ་བ་༨ ཤི་ཡོད་པ་དང་། ཉེན་རྟོག་པ་༥ ཡི་ཚེ་སྲོག་ཤོར་ཡོད་འདུག་ཅིང་། ཁྱོན་མི་༩༨ ལ་རྨས་སྐྱོན་ཕོག་ཡོད་པ་རེད།   ཨ་ལི་རྗ་རྫི་ར་ (Al Jazeera ) བརྙན་འཕྲིན་ཁང་གི་གསར་འགོད་པས་ངོ་རྒོལ་བ་འདུས་སྡོད་ས་གནས་ཀྱི་སྨན་ཁང་ནས་རོབ་རྩིས་བྱས་པ་ལྟར་ན། ཉུང་མཐའ་ཡང་ཕུང་པོ་༩༤ ཙམ་ཡོད་པ་རེད་འདུག

བར་བརྒལ་སྲིད་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། དམག་མིའི་ཕྱོགས་ནས་སྟངས་འཛིན་ཐུབ་ཐབས་ལ་འབད་བརྩོན་བྱས་ཡོད་ཀྱང་། ངོ་རྒོལ་བས་གོ་མཚོན་སྤྱད་དེ་ཉེན་རྟོག་པར་ཚུར་རྒོལ་བྱས་ཡོད་པའི་སྐྱོན་འཛུགས་བྱས་ཡོད་འདུག

མིག་སྔར་ཉེན་རྟོག་པས་ལཱ་བྷི་ཡ་ཁ་ཆེའི་ལྷ་ཁང་དུ་བསྐྱོད་པའི་ལམ་ཁ་ཡོངས་སུ་བཀག་ཟིན་པ་མ་ཟད། མེ་འཁོར་གྱི་ཞབས་ཞུ་ཡང་མཚམས་འཇོག་བྱས་ཡོད་པ་རེད། ཁ་ཆེ་སྤུན་ཟླ་ཚོགས་པས་ངོས་འཛིན་བྱས་པ་ལྟར་ན། སྲིད་གཞུང་གི་བྱེད་སྟངས་དེའི་དམིགས་ཡུལ་ནི་ཁ་ཆེའི་སྤུན་ཚོགས་ཀྱི་ཚོགས་མི་རྣམས་རྒྱལ་ས་ཁའེ་རོ་ལ་ཡོང་བར་བཀག་འགོག་དང་། ཁ་ཆེ་སྤུན་ཚོགས་ཀྱི་སྟངས་འཛིན་འོག་ཡོད་པའི་བརྙན་འཕྲིན་ཁང་སྒོ་རྒྱག་པའི་ཆེད་དུ་ཡིན་པ་རེད། ཉེན་རྟོག་པས་མུ་མཐུད་དུ་ཁ་ཆེའི་སྤུན་ཚོགས་ཀྱི་ཚོགས་མི་འཇུ་བཟུང་རྗེས་འདེད་བྱེད་བཞིན་པ་རེད། བྷི་བྷི་སི་BBC གསར་ཁང་གིས་བརྗོད་པ་ལྟར་ན། སྤུན་ཚོགས་ཀྱི་ཚོགས་མི་རྣམས་རིག་རྩལ་ཐང་ཆེན་ཉེ་འགྲམ་གྱི་གཅན་གཟན་ཁང་དང་། ཁའེ་རོ་སློབ་གྲྭ་ཆེན་མོའི་ཁོར་ཡུག་སོགས་སུ་བྲོས་བྱོལ་དུ་སོང་ཡོད་པ་རེད་འདུག

ཨི་ཇིབ་ཀྱི་རྒྱལ་ས་ཁའེ་རོ་ཕུད་པའི་ནིའི་ལི་གཙང་པོའི་གྲོང་ཁྱེར་མན་ཡཱ་(Minya) དང་། ཨ་སི་ཡ་ཋི་(Assiut) གཉིས་ཀྱི་ནང་དུའང་ཉེན་རྟོག་པ་དང་མི་མང་བར་ཟིང་འཁྲུག་བྱུང་ཡོད་པ་རེད། སྲིད་འཛིན་ཟུར་པ་མཱར་ཞ་ཕྱི་ཚེས་༣ ཉིན་དམག་གིས་སྲིད་འཛིན་གྱི་གོ་གནས་ལས་ཕབ་པའི་རྗེས། ཁོང་གི་ཆབ་སྲིད་ཚོགས་པ་ཁ་ཆེའི་སྤུན་ཚོགས་ཀྱི་རྒྱབ་སྐྱོར་བས་མུ་མཐུད་དུ་ངོ་རྒོལ་རྔོམ་སྟོན་བྱས་ཏེ། མཱར་ཞ་ཡི་གོ་གནས་སླར་གསོ་དགོས་པའི་རེ་འདུན་བཏོན་ཡོད་པ་དང་། བར་བརྒལ་སྲིད་གཞུང་གིས་ཐེངས་མང་དྲག་གནོན་བྱས་ཏེ། ཉུང་མཐའ་ཡང་མི་༣༠༠ ཙམ་བསད་ཡོད་པ་དང་། ༦༠༠༠ ཙམ་ལ་རྨས་སྐྱོན་བཟོས་ཡོད་འདུག  གཟའ་འཁོར་གཉིས་ཀྱི་སྔོན་དུ། བར་བརྒལ་སྲིད་གཞུང་གི་སྲིད་འཛིན་མན་སོའོ་(Mansour) ཡིས་རྒྱལ་ཁབ་ཀྱི་ཛ་དྲག་གནས་སྟངས་ཀྱི་ཁྲིམས་ཡིག་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་པ་རེད།

Share this:
༡༠༧ ཀློག་གྲངས།