དྷ་སར་ཞབས་རིམ་གསོག་སྒྲུབ།

2013_8_16

ཉེ་ཆར་༧གོང་ས་མཆོག་གིས་བོད་མི་ཚང་མས་བོད་དོན་བདེན་མཐའ་གསལ་ཆེད་ཞབས་རིམ་གསོག་སྒྲུབ་གནང་དགོས་ཞེས་བཀའ་གནང་བ་ལྟར། དེ་རིང་ཞོགས་པར་དྷ་སའི་ས་གནས་གཞོན་ནུ་དང་ས་གནས་བུད་མེད་གཉིས་ཀྱི་གོ་སྒྲིག་འོག དྷ་ས་ཁུལ་གྱི་སེར་སྐྱ་མི་མང་མཉམ་འཛོམས་ཀྱིས་ཞབས་རིམ་གསོག་སྒྲུབ་གནང་གི་འདུག

དེ་ཡང་༧གོང་ས་མཆོག་གིས་སྐུ་ཉིད་ཕྱི་ཟླ་༨ པའི་ཚེས་༡ ནས་བདུན་ཕྲག་གསུམ་གྱི་རིང་ལ་དྭགས་ཞི་བའི་ཞི་བའི་ཚལ་ཕོ་བྲང་དུ་སྐུ་མཚམས་སུ་བཞུགས་རྒྱུ་དང་། དེའི་རིང་བོད་མི་ཡོད་དོ་ཅོག་གིས་ཉི་མ་རེར་མ་ཎི་སྟོང་ཕྲག་རེ་དང་། ཤེས་རབ་སྙིང་པོ་སྟོང་ཚར་གཉིས། འཕགས་བསྟོད་ཚར་གཅིག་བཅས་རྒྱུན་མ་ཆད་པར་འདོན་ཐུབ་པ་བྱུང་ན། བོད་དོན་བདེན་མཐའ་གསལ་མྱུར་དུ་གསལ་རྒྱུར་འབྲེལ་བ་ཆེན་པོ་ཡོད་ཅེས་བཀའ་གནང་བ་ལྟར། ཟླ་འདིའི་ཕྱི་ཚེས་༡༦ ཉིན་གྱི་ཞོགས་པའི་ཆུ་ཚོད་༨ པའི་སྟེང་། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དྷ་སའི་ས་གནས་གཞོན་ནུ་དང་ས་གནས་བུད་མེད་གཉིས་ཀྱི་གོ་སྒྲིག་འོག དྷ་སའི་ཉེ་འཁོར་གྱི་གྲྭ་ཚང་ཁག་དང་བཙུན་དགོན་ཁག་གི་གྲྭ་བཙུན་ཚོ་དང་། སེར་སྐྱ་མི་མང་བཅས་མཉམ་འཛོམས་ཀྱིས་ཞབས་རིམ་གསོག་སྒྲུབ་གནང་གི་འདུག

2013_8_16སྐབས་དེར་དྷ་སའི་ས་གནས་གཞོན་ནུའི་ཚོགས་གཞོན་ཉི་མ་དབྱངས་འཛོམས་ཀྱིས་གསར་འགོད་པར་ངོ་སྤྲོད་གནང་སྐབས། ཉེ་ཆར་༧གོང་ས་མཆོག་གིས་བཀའ་གནང་བ་ལྟར་དབུས་གཞོན་ནུ་དང་། དབུས་བུད་མེད་གཉིས་ཀྱི་བཀོད་ཁྱབ་འོག ཉིན་འདིར་ས་གནས་ཚང་མ་ནས་བོད་དོན་བདེན་མཐའ་གསལ་ཆེད་ཞབས་རིམ་གསོག་སྒྲུབ་གནང་གི་ཡོད་པ་ལྟར། དྷ་སར་ཡང་ས་གནས་གཞོན་ལྷན་དང་ས་གནས་བུད་མེད་གཉིས་ཀྱིས་གོ་སྒྲིག་བྱས་ཏེ་ཞབས་རིམ་གསོག་སྒྲུབ་གནང་གི་ཡོད་སྐོར་དང་། དེ་བཞིན་རྩ་བས་བོད་མི་ཚང་མས་ཞབས་རིམ་གསོག་སྒྲུབ་གནང་གི་ཡོད་ན་ཡང་ཚང་མ་མཉམ་དུ་མཛོམས་ཏེ། ཞབས་རིམ་གསོག་སྒྲུབ་བྱས་ན་ཡག་པོ་འདུག་ཅེས་མི་མང་གི་བསམ་ཚུལ་ཡོང་གི་ཡོད་སྐོར་ཡང་འགྲེལ་བརྗོད་གནང་སོང་།

Share this:
༣༩ ཀློག་གྲངས།