རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་སྐོར་གྱི་དྲན་ཤེས་ཐོར་བུ།

གངས་སྐྱེས་སྒྲུབ་པ་སྐྱབས་ནི་བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་ཁམས་དཀར་མཛེས་ཁུལ། གསེར་རྟ་རྫོང་། རགས་བཀྲམ་ཡུལ་ཚོའི་གེ་ཕེན་སྡེ་པར་སྐྱེས། ༡༩༩༠ ལོའི་དབྱར་ཁ་རག་བཀྲམ་ཡུལ་ཚོའི་སློབ་ཆུང་ནང་ངེད་གཉིས་མཉམ་ཞུགས་བྱས། ཁོང་སྐབས་དེར་ཡུལ་ཚོའི་ཐོག་གི་ལས་བྱེད་ཡིན་པ་ཁོང་གི་གཉེན་ཚན་ཞིག་གི་ནང་དུ་བསྡད་ནས་སློབ་གྲྭར་ཡོང་གི་ཡོད་པ་རེད།

gangkyi_dupba_kyab1སྐབས་དེར་ཁོང་ཕྲུ་གུ་རོད་ངན་(ནུས་སྟོབས་ཞན་པོ་)ཕར་བལྟས་ཚོད་ལ་ནུས་པ་གང་ཡང་མེད་པར། ཡར་མར་ལ་འགྲོ་སྐབས་ཀྱང་གང་སར་ཐང་ལ་རུལ་འགྲོ་མཁན་ཞིག་རེད་ལ། སྐད་སྙན་པོ་ཡོད་པས་སློབ་གྲྭའི་དུས་སྟོན་སྐབས་དགེ་རྒན་ཚོས་ཁོང་ལ་གཞས་གཏོང་འཇུག་གི་རེད། ཉིན་ཞིག་ཁོང་གི་གནས་ཚང་གི་གཉེན་ཉེ་དེ་མི་གཞན་དང་མཉམ་རྒྱག་རེས་ཤོར་ནས་རྨས་སྐྱོན་ཡང་བྱུང་ཡོད་པ་དང། སྐབས་དེར་ཁོང་གིས་རང་གི་གཉེན་ཉེ་ལ་རོགས་པ་བྱས་ཏེ་མི་གཞན་དེ་ལ་རྡོ་གཞུས་ཏེ། ཕྲུ་གུ་རོད་ངན་དེ་བློ་ཁོག་ཅན་ཞིག་རེད་ཅེས་ས་གནས་སུ་གྲགས།

སྐབས་དེའི་གསེར་རྟ་རྫོང་ཁོངས་ཀྱི་སློབ་གྲྭ་ཁག་ཚང་མ་མཐུན་རྐྱེན་ཧ་ཅང་སྐྱོ་བོ་ཡིན་ལ། གཞུང་ངོས་ནས་སློབ་ཁང་ཞིག་རལ་ཞིག་དང་། དགེ་རྒན་ཁ་ཤས་གྲ་སྒྲིག་ཡོད་པ་ལས། གཞན་སྡོད་གནས་སོགས་གང་ཡང་མེད། སྡེ་པའི་ནང་གི་ཕྲུ་གུ་ཚོར་རྒྱན་འཕངས་ཏེ་རྒྱན་ཐོབ་མཁན་ཚོ་སློབ་གྲྭར་ངེས་པར་དུ་གཏོང་དགོས་པ་དང་། དེ་མ་བཏང་ན་གཞུང་གིས་ཆད་པ་གཅོད་ཀྱི་ཡོད་པ་རེད། མི་མང་ཁྲོད་ཕྲུ་གུ་སློབ་གྲྭར་སྐྱེལ་མཁན་དཀོན་ལ། གལ་སྲིད་སྐྱེལ་མཁན་མང་པོ་ཡོད་ན་སྐྱེལ་ས་ཡང་མེད། གནས་ཚུལ་དེ་ཚོ་བཤད་དུས་དེང་སྐབས་ཡ་མཚན་པོ་འདྲ་ཡོད་སྲིད་མོད། སྐབས་དེའི་འབྲོག་སྡེ་ཁག་གི་ཉེ་འཁོར་དུ་སློབ་གྲྭ་མེད་པ་དང་། ཡུལ་ཚོའི་ཐོག་སློབ་མ་སྡོད་གནས་གྲ་སྒྲིག་མ་ཐུབ་པའི་དཀའ་ངལ་ཡོད། དེ་བཞིན་རྒྱ་གཞུང་གི་སློབ་གྲྭའི་ནང་ཕྲུ་གུ་ལ་སྤྱོད་པ་དང་། རྒྱ་ཡི་གོམས་གཤིས་འབྱར་ཡོང་བར་དོགས་པ་བྱེད་ཀྱི་ཡོད་པ་རེད། སྐབས་དེར་ངའི་ནང་ནས་སློབ་གསོ་གཙོ་བོ་སློབ་སྦྱོང་ཡག་པོ་གྱིས་མ་ཡིན་པར། “རྒྱ་མིའི་གོམས་གཤིས་དེ་ནང་ལ་ཁྱེར་མ་ཡོང་རོགས་”ཞེས་སློབ་གསོ་གཏོང་གི་འདུག སྤྱི་ཚོགས་དེ་འདྲའི་འོག་ངེད་གཉིས་ཀྱང་སློབ་གྲྭར་མཉམ་དུ་འཛོམས་པ་རེད།

༡༩༩༣ ལོར་གསེར་རྟ་རྫོང་སློབ་གྲྭར་ཡིག་རྒྱུགས་གཏོང་སྐབས་ཁོང་དུས་ཐོག་ལ་རྒྱུགས་སྤྲོད་སར་དུས་དབང་གིས་ཞུགས་ཐུབ་མ་སོང། ལོ་རྗེས་མ་ཁོང་ཡིག་རྒྱུགས་ལ་ཞུགས་ཏེ། ཡང་བསྐྱར་རྫོང་མི་རིགས་སློབ་གྲྭའི་ནང་ངེད་གཉིས་མཉམ་དུ་ཐུག་པ་རེད།

༡༩༩༥ ལོར་ཁོང་དང་འཛིན་གྲྭ་གཅིག་པ་དང་། ཁོང་གི་གྲོགས་པོ་ཡག་ཤོས་དེས་ལས་ཉེས་ཤིག་བསགས་ནས་སློབ་གྲྭ་ནས་འབྲོ་དགོས་བྱུང་བ་མ་ཟད། ནང་དུ་ཡང་མ་སོང་བར་གཅིག་པུར་ས་མཐར་འཁྱམ་སྐབས། གངས་སྐྱེས་སྒྲུབ་པ་སྐྱབས་ཀྱིས་རང་གི་གྲོགས་པོ་གཅིག་པུར་བྲོས་བྱོལ་འགྲོ་རྒྱུ་བློས་གཏོང་མ་ཐུབ་པར་ཁོང་ལ་རོགས་པ་བྱས་ཏེ། ཁོང་གཉིས་ཀ་སློབ་གྲྭ་ནས་བྲོས་བྱོལ་ལ་སོང་། ཁོང་གཉིས་ལ་ལམ་ཆས་ཀྱང་གང་ཡང་མེད་མོད། སློང་མོ་རྒྱག་བཞིན་རྐང་ཐང་ལ་དབུས་ཉི་མ་ལྷ་སར་སོང་། སྡུག་དཀའ་ལས་སྣ་ཚོགས་བརྒྱབ་སྟེ་དབུས་མཇལ་བྱས་རྗེས། ཕྱིར་ནང་དུ་ལོག་སྐབས་ནང་མི་འབྲེལ་ཡོད་དང་། དགེ་རྒན་ཚོས་སྒྲུབ་པ་སྐྱབས་བསྐྱར་དུ་སློབ་འཇུག་བྱས།ཁོང་གིས་རང་གི་སློབ་སྦྱོང་བློས་བཏང་བ་མ་ཟད། དཀའ་ལས་བརྒྱབ་སྟེ་གྲོགས་པོར་རོགས་པ་བྱས་པ་དེས་གྲོགས་ཀྱི་ལ་རྒྱ་མི་འདོར་བའི་མི་ཞིག་ཡིན་པར་སློབ་གྲོགས་ཚོས་ཡིད་སྨོན་བྱས། ཁོང་དུས་རྒྱུན་དགེ་རྒན་གྱི་ཁ་ལ་ཉན་པོ་དང་སློབ་གྲོགས་ཚོར་ཧ་ཅང་མཐུན་པ་དང་། སྐབས་དེར་སློབ་སྦྱོང་བྱེད་པ་ལས་དམིགས་བསལ་རྩེད་རིགས་གང་ལ་ཡང་དོ་སྣང་གཅིག་ཀྱང་མེད་མཁན་ཞིག་རེད།

gangkyi_dupba_kyab2༡༩༩༨ ལོའི་ལོ་མཇུག་ང་རྒྱ་གར་དུ་ཡོང་བ་རེད་ལ། ཁོང་གིས་མུ་མཐུད་སློབ་གཉེར་བྱས་ཏེ། ༡༩༩༩ ལོར་དཀར་མཛེས་ཁུལ་དགེ་འོས་སློབ་གྲྭར་ཞུགས། སློབ་མཐར་ཕྱིན་རྗེས་ལོ་ཁ་ཤས་རིང་ས་གནས་ཁག་ཅིག་ཏུ་དགེ་རྒན་བྱས་འདུག་ལ། ཁོང་མི་རིགས་ཀྱི་ལ་རྒྱ་ཡོད་མཁན་དང་དགེ་རྒན་ཤེས་ཡོན་ཅན་ཞིག་ཡིན་པར་ཚང་མས་ངོས་འཛིན་བྱས་འདུག དགེ་རྒན་གྱི་ཞོར་དུ་ཁོང་གིས་གངས་སྐྱེས་སྒྲུབ་པ་སྐྱབས་དང་གངས་མེ་སྟག་ཅེས་པའི་སྨྱུག་མིང་ཐོག་རྩོམ་ཡིག་མང་པོ་བྲིས་འདུག་ལ། ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ནས་རྒྱ་ནག་གཞུང་ལ་བོད་མི་ཞི་རྒོལ་གྱི་གནས་ཚུལ་ཕྱོགས་བསྒྲིགས་དང་དེའི་ཐོག་དཔྱད་བརྗོད་སྤེལ་བའི་<<ས་བྱི་ལོའི་ཁྲག་བྲིས་དམར་པོ་>>ཞེས་པའི་དཔེ་དེབ་བཙན་བྱོལ་ནང། འཇིགས་བྲལ་བསྟན་འཛིན་དང་བཀྲ་ཤིས་བདེ་ལེགས་གཉིས་ཀྱིས་པར་སྐྲུན་འགྲེམས་སྤེལ་བྱས། དཔེ་དེབ་དེར་སྲིད་སྐྱོང་བློ་བཟང་སེང་གེས་ཆེད་བརྗོད་བྲིས་པ་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་དཔེ་དེབ་དབུ་འབྱེད་ཐོག་གསུང་བཤད་གནང་། དེ་མ་ཡིན་པའི་རྩོམ་ཡིག་ང་ལ་ལག་འབྱོར་བྱུང་བ་“གྲོང་ཁྱེར་དང་བོད་མིའི་ཟུར་སྣེ་ཞིག”ཅེས་པའི་བོད་མིའི་གྲོང་ཁྱེར་ནང་འཚོ་བ་སྐྱེལ་སྟངས་སྐོར་དང།  “༧ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་ཡོན་ཏན་གྱི་ཟུར་ཙམ་ལ་བསྔགས་པ་དྲི་མེད་དར་དཀར་རིང་མོ།”ཞེས་པའི་སྙན་ངག “ཁ་བའི་ཁྲོད་ཀྱི་རྣམ་ཤེས།”སོགས་བོད་མིའི་བདེ་སྡུག་སྐོར་གྱི་སྙན་ངག་སོགས་རྩོམ་ཡིག་མང་པོ་འདུག་ལ། རྩོམ་ཡིག་ལག་ཏུ་མ་འབྱོར་བར་རྩོམ་བྱང་ཁག་ཅིག་ཤེས་པ་<<ལས་དབང་གི་རྒྱང་འབོད།>> <<ལོ་ཟླའི་ཁ་མདོག>> <<དུས་རབས་ཀྱི་ན་ཟུག>> <<དེ་རིང་གི་མིག་ཆུ།>> ཞེས་པ་སོགས་ཡོད་འདུག

ཁོང་༢༠༡༢ ལོའི་ཟླ་༢ ཚེས་༡༥ ཉིན་གྱི་མཚན་མོ་ཁམས་གསེར་རྟ་རྫོང་གི་རང་ཁྱིམ་ནས་རྒྱ་གཞུང་གི་མི་སྣས་བཙན་ཁྲིད་བྱས་པ་དང་། སྐབས་དེར་འབྲེལ་ཡོད་བརྒྱུད་བོད་ནས་ཁོང་བཙན་ཁྲིད་བྱས་པ་ཕྱི་ལ་གནས་སྐབས་མ་བསྒྲགས་རོགས། སྒོར་མོ་སྤྲད་དེ་ཕྱིར་གཏོང་ཐབས་བྱེད་རྒྱུ་ཡིན་པས། དེ་ལ་བར་ཆད་མ་ཡོང་བ་ཞིག་དགོས་སྐོར་བརྗོད་སོང་། ཡིན་ཡང་གནས་ཚུལ་བཀག་འགོག་མ་ཐུབ་པར་བརྒྱུད་ལམ་ཁ་ཤས་ཀྱིས་ཁྱབ་བསྒྲགས་བྱས་སོང་ལ། དེས་ཕན་གནོད་བཤད་ཚོད་མ་ཐིག་ཀྱང་། ཁོང་ལོ་གཅིག་ལྷག་ལ་རྒྱ་གཞུང་གིས་བཀག་ཉར་བྱས་ཏེ་ནང་མིར་ཐུག་འཕྲད་ཀྱང་མ་ཐུབ་པར་ལྷག་པ་རེད།

༢༠༡༣ ལོའི་ཕྱི་ཟླ་༨ ཚེས་༡ ཉིན་ཁམས་ཉག་ཆུ་རྫོང་ཐོག་ནས་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་དང་། (ཁྲིམས་ཆད་ལོ་༥ དང་ཟླ་༦) བསམ་འགྲུབ། (ཁྲིམས་ཆད་ལོ་༥) གཡུ་སྦྲང་། (ཁྲིམས་ཆད་ལོ་༢)  དྲན་གསལ། (ཁྲིམས་ཆད་ལོ་༣)  ཤེལ་རྒྱལ་(ཁྲིམས་ཆད་ལོ་༢) བཅས་ལ་རྒྱ་གཞུང་གིས་བོད་དོན་ལས་འགུལ་སྤེལ་བའི་ཉེས་མིང་དང་། “ན་གཞོན་དམར་ཤོག་རྒོལ་ལན་ཚོགས་པ་”ཞེས་པ་བཙུགས་ཏེ་ངོ་རྒོལ་གྱི་ལས་ཀ་བྱས་པའི་ཉེས་མིང་འོག་ཁྲིམས་ཐག་བཅད་ཡོད་པ་རེད། (ཚང་མ་གསེར་རྟ་རྫོང་ཁོངས་ནས་རེད།)

བོད་མི་ཚོས་དུས་རྒྱུན་མི་ལོ་༦༠ ལྷག་གི་རིང་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་རྒྱུན་ཆད་མྱོང་མེད་ལ། རྒྱ་ནག་གཞུང་གི་ངོས་ནས་ཀྱང་བོད་མིར་དྲག་གནོན་དང་འཇུ་བཟུང་བཙོན་འཇུག་རྒྱུན་ལྡན་ལྟ་བུ་རེད། བོད་ཀྱི་ན་གཞོན་ཤེས་ཡོན་པ་མང་པོ་ཞིག་གིས་བོད་དོན་དང་འབྲེལ་བའི་རྩོམ་ཡིག་བྲིས་པར་བརྟེན། རྒྱ་ནག་གཞུང་གིས་འཇུ་བཟུང་བཙོན་འཇུག་མང་པོ་བྱས་ཡོད་ལ། རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ཀྱང་དེའི་ཁྲོད་ནས་བོད་མི་ཚོར་རྒྱ་གཞུང་གི་བཙན་འོག་ཏུ་དཀའ་ངལ་ག་ཚོད་ཡོད་པ་གསལ་སྟོན་བྱེད་མཁན་གྱི་བོད་མིའི་ཚབ་མཚོན་ཐུབ་པའི་རྩོམ་པ་པོ་ཞིག་རེད་ལ། སྤྱིར་མིའི་བདེ་སྡུག་དང་སྒོས་སུ་བོད་མི་རིགས་ཀྱི་གནས་བབས་ཕྱིར་བསྒྲགས་ཐུབ་མཁན་གྱི་མགྲིན་ཚབ་པ་ཞིག་ཀྱང་རེད།།
ཆོས་ཉིད་འོད་ཟེར་གྱིས་༢༠༡༣།༨།༡༣ ཉིན།

Share this:
༥༣ ཀློག་གྲངས།