ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སྐུ་གྲོངས།

མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ད་ལོར་དགུང་གྲངས་༩༢ ལ་སླེབས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་༡༥ ཉིན་ལྷ་སར་སྐུ་གཤེགས་ཡོད་པ་རེད་འདུག

དེ་ཡང་བོད་ནང་གི་བརྒྱུད་ལམ་ཁག་ཅིག་གི་ནང་གནས་ཚུལ་ཐོན་པ་ལྟར་ན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཛིན་གཞོན་པ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཟླ་འདིའི་ཕྱི་ཚེས་༡༥ ཉིན་གྱི་ཞོགས་པའི་ཆུ་ཚོད་༨།༤༥ སྟེང་ལྷ་སར་སྐུ་གཤེགས་ཡོད་པ་རེད་འདུག

2013_8_17རྒྱ་ནག་གཞུང་འབྲེལ་དྲ་ལམ་ནང་མཁས་དབང་ཁོང་གི་ལོ་རྒྱུས་ཤིག་བཀོད་པའི་ནང་འཁོད་པ་ལྟར་ན། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ནི་སྤྱི་ལོ་༡༩༢༢ ལོར་བོད་ལྗོངས་གཞིས་རྩེ་ས་ཁུལ་ལྷ་རྩེ་རྫོང་ལྷ་རྩེ་སྨོན་སྐྱིད་པའི་ཁྱིམ་དུ་འཁྲུངས། དགུང་ལོ་བདུན་པ་ནས་བཅུ་དྲུག་བར་སྔ་རྗེས་སུ་ལྷ་རྩེ་ཁུལ་གྱི་སྒེར་གཉེར་སློབ་གྲྭ་ཁག་ནས་སློབ་གཉེར་མཛད། དེ་ནས་ལྷ་རྩེ་ཆོས་སྡེའི་དགེ་བཤེས་བློ་བཟང་ཚུལ་ཁྲིམས་མཆོག་དང་གཙང་སྟོད་པ་ཆོས་གླིང་གི་མཁས་དབང་བློ་བཟང་ཆོས་འཕེལ་ལགས་སོགས་དགེ་རྒན་དུ་བསྟེན། དགུང་ལོ་ཉི་ཤུར་ཕེབས་སྐབས་ཡུམ་གྱི་གཞིས་ཆབ་སྤེལ་ལ་བུ་དོད་དུ་ཕེབས་པ་ནས་བཟུང་མཚན་གྱི་མགོར་ཆབ་སྤེལ་ཞེས་པའི་ཁྱིམ་མིང་འཇགས་ཤིང་དེ་ནས་བཟུང་འགག་པ་དང་། རྫོང་སྡོད། ལས་བྱ། ཚྭ་ཤོད་སོགས་ཀྱི་ཕྱག་ལས་མཛད། སྐྱིད་གྲོང་རྫོང་དུ་བཞུགས་པའི་ལོ་གསུམ་གྱི་རིང་ལྡན་ཆོས་འཁོར་དགོན་གྱི་དགེ་བཤེས་མཁས་དབང་ནོར་བུ་བཀྲ་ཤིས་སློབ་དཔོན་དུ་བསྟེན་ཏེ། སྙན་གཞུང་མེ་ལོང་མའི་དཀའ་གནད་ལ་ཟབ་ཁྲིད་དོགས་གཅོད་དང་འབྲེལ་དོན་རྒྱན་སོ་ལྔའི་དཔེར་བརྗོད་ཞིབ་ཚགས་བརྩམས་འབུལ་མཛད་པ་སོགས་རྩོམ་རིག་ལ་སྦྱོང་བ་མཛད། བོད་ཞི་བའི་བཅིངས་འགྲོལ་བྱས་རྗེས། སྤྱི་ལོ་༡༩༥༣ ལོར་གཞིས་རྩེ་སློབ་ཆུང་གསར་དུ་བཙུགས་རྗེས་ཐོག་མར་སློབ་དོན་ཀྲུའུ་རིན་དང་དེ་ནས་དོན་བྱེད་ཁང་ཚུགས་སྐབས་དེ་གའི་རྒྱུན་ཨུ་དང་། རིག་སློབ་ཁོའི་ཁོ་ཀྲང་གཅིག་ལྕོགས་མཛད། ༡༩༦༠ ལོ་ནས་བཟུང་སྔ་རྗེས་སུ་གཞིས་རྩེ་ས་ཁུལ་སྲིད་གྲོས་དང་། ལྷ་ས་གྲོང་ཁྱེར་སྲིད་གྲོས། བོད་རང་སྐྱོང་ལྗོངས་སྲིད་གྲོས་བཅས་ཀྱི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན་མཛད། སྤྱི་ལོ་༡༩༨༡ ལོ་ནས་༡༩༨༧ ལོའི་བར་ལྗོངས་སྲིད་གྲོས་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མཛད་ཅིང་། སྤྱི་ལོ་༡༩༨༡ ལོ་ནས་༡༩༩༣ ལོའི་བར་ལྗོངས་རིག་གནས་སྒྱུ་རྩལ་མཉམ་ཚོགས་སྐབས་དང་པོ་དང་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་མཛད། སྤྱི་ལོ་༡༩༨༣ ལོ་ནས་༡༩༨༧ ལོའི་བར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་མཛད་པ་དང་། སྤྱི་ལོ་༡༩༨༧ ལོར་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པའི་གོ་མིང་བཞེས། སྤྱི་ལོ༡༩༩༡ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་དམིགས་བསལ་ཕོགས་སྣོན་གྱི་བྱ་དགའི་གཟེངས་བསྟོད་ལག་འཁྱེར་བསྩལ། སྤྱི་ལོ་༡༩༩༨ ལོར་ལས་འཁྱུར་ངལ་གསོ་མཛད་དེ་༡༩༩༩ ལོར་བོད་ལྗོངས་སློབ་ཆེན་གྱི་གདན་ཞུས་ལྟར། བོད་རིགས་རབ་འབྱམས་ཞིབ་འཇུག་སློབ་མའི་གཙོ་ཁྲིད་སློབ་དཔོན་མཛད་པ་མ་ཟད་གཞན་ཡང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ལྗོངས་མི་དམངས་མཐུན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་སོགས་གནང་མྱོང་ཡོད་འདུག

དེ་བཞིན་ལོ་རྒྱུས་དེའི་ནང་ཁོང་གིས་བྲིས་པའི་རྩོམ་ཡིག་དང་དེབ་ཀྱི་སྐོར་འཁོད་དོན། བོད་རིག་པའི་ཞིབ་འཇུག་ཐད༼བོད་ལྗོངས་ཞིབ་འཇུག༽དང་༼ཀྲུང་གོའི་བོད་རིག་པ༽སོགས་བོད་ཡིག་དུས་དེབ་ཐོག་དཔྱད་རྩོམ་ལྔ་བཅུ་ལྷག་ཙམ་སྤེལ་མཛད་པའི་ནང་ནས།༼བོད་ཀྱི་ལྷ་གསོལ་བསང་གཏོང་གི་ཡུལ་གོམས་སྐོར་ཅུང་ཟད་གླེང་བ༽ཞེས་པར་༡༩༩༠ ལོར་ཀྲུང་གོའི་བོད་རིག་པའི་དུས་དེབ་ཀྱི་ཕུལ་བྱུང་བརྩམས་བྱ་དཔྱད་བསྡུར་སྐབས་བོད་ཡིག་དཔྱད་རྩོམ་རིག་པ་དང་པོའི་གཟེངས་བསྟོད་བྱ་དགའ་ཐོབ་པ་དང་། དེ་མིན་༼གཉའ་ཁྲི་བཙན་པོ་ནི་བོད་རང་གི་མི་ཞིག་ཡིན༽ཞེས་པར་༡༩༨༦ ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དཔྱད་རྩོམ་དཔྱད་བསྡུར་གྱི་ཨང་དང་པོ་ཐོབ། གཞན་ཡང་༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽སོགས་དུས་དེབ་ཕལ་ཆེའི་ནང་སྙན་ངག་དང་། དཔྱད་གཏམ། བརྩམས་སྒྲུང་།ལྷུག་རྩོམ་སོགས་རྩོམ་རིག་གི་བརྩམས་ཆོས་མང་པོ་སྤེལ་མཛད་པ་ལས་ཀ་ཕྲེང་སྙན་ཚིག༼བསིལ་དུས་ཀྱི་བོད་ལྗོངས༽ཞེས་པར། ༡༩༨༡ ལོར་རྒྱལ་ཡོངས་ཀྱི་སྐབས་དང་པོའི་གྲངས་ཉུང་མི་རིགས་ཀྱི་གསར་རྩོམ་དཔྱད་བསྡུར་སྐབས་གསར་རྩོམ་གྱི་གཟེངས་བསྟོད་བྱ་དགའ་ཐོབ་པ་དང་། སྒྲ་རྒྱན་སྙན་ངག་༼ལྷ་ས་སྐྱིད་གླུ༽ཞེས་པས་༡༩༨༥ ལོར་རྒྱལ་ཡོངས་ཀྱི་སྐབས་གཉིས་པའི་གྲངས་ཉུང་མི་རིགས་ཀྱི་གསར་རྩོམ་དཔྱད་བསྡུར་ནང་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཐོབ་པ་དང་། གཞན་ཡང་ཞིང་ལྗོངས་ལྔའི་བོད་ཡིག་གསར་རྩོམ་དཔྱད་བསྡུར་སྐབས་བྱ་དགའ་རིགས་གཉིས་དང་། ལྗོངས་རིམ་པའི་བྱ་དགའ་ཐེངས་བདུན་བཅས་ཐོབ།བརྩམས་ཆོས་ཀྱི་ཐད་ཡིག་འབྲུ་ས་ཡ་གཅིག་ལོང་བའི༼བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ༽ཞེས་པ་ལྷན་རྩོམ་མཛད་པ་ཅན་དང་།༼གཏམ་མཛོད་མེས་པོའི་ཞལ་རྒྱུན༽ཞེས་པ་ཡིག་འབྲུ་འབུམ་གཅིག་དང་ཁྲི་དྲུག་ལྷག་ཅན།༼ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་རྩ་འགྲེལ༽ཞེས་པ་ཡིག་འབྲུ་འབུམ་ཙམ་ཡོད་པ་དང་། དེ་བཞིན་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་ཕྱོགས་བསྒྲིགས་བྱས་པའི༼ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས༽ཡིག་འབྲུ་འབུམ་བཞིའི་བདག་ཉིད་ཅན་དང་། དེ་མིན༼ཞྭ་སྒབ་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་དང་བོད་ཀྱི་ལོ་རྒྱུས་ངོ་མ༽ཞེས་པའི་དོན་ཚན་༦༤ ལ་ཡིག་འབྲུ་ཁྲི་འབུམ་གཅིག་དང་ཁྲི་ལྔ་ཡོད་པ་ཙམ་སོགས། སྒེར་དང་ཐུན་མོང་དུ་རྩོམ་སྒྲིག་མཛད་པའི་གསུང་རྩོམ་མི་ཉུང་བ་ཞིག་ཡོད་པ་རེད་འདུག་ལ།

ཁོང་གིས་སྔ་གཞུག་ཏུ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་དང་ཡོན་ཀྲང་གཞོན་པ། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་རྩོམ་པ་པོའི་ལྷན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་རྩོམ་པ་པོའི་ལྷན་ཚོགས་བོད་ཡན་ལག་ཚོགས་པའི་མཚན་འཛིན་ཀྲུའུ་ཞི་སོགས་ཀྱི་ལས་ཁུར་གནང་ཡོད་པ་རེད།

Share this:
༢༠༥ ཀློག་གྲངས།