རྒྱ་གཞུང་གི་སྲིད་བྱུས་ཇེ་གསལ་རེད།

རྒྱ་དམར་དྲག་གཞུང་གི་དཔོན་རིགས་འཕོ་འགྱུར་སོང་བ་དང་སྟབས་བསྟུན། རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ཀྱང་ཅུང་ཙམ་གུ་ཡངས་སུ་འགྲོ་རྒྱུ་ཡིན་མིན་ཐོག་ལ་རེ་བ་རྒྱག་མཁན་དང་དཔྱད་བརྗོད་སྤེལ་མཁན་མང་པོ་བྱུང་ཡོད་ལ། བོད་པའི་ངོས་ནས་དུས་རྒྱུན་རྒྱ་ནག་གི་སྐོར་ལ་ཞིབ་འཇུག་བྱེད་མཁན་ཚོའི་ནང་དུའང་རེ་བ་ཆེན་པོ་འདུག་ཅེས་བརྗོད་མཁན་ཡང་བྱུང་ཡོད་པ་རེད།

འོན་ཀྱང་དོན་དངོས་སུ་རྒྱ་དམར་དྲག་གཞུང་གི་སྲིད་བྱུས་སྔར་བཞིན་འགྱུར་མེད་སྲ་བརྟན་དུ་གནས་ཡོད་པའི་གནས་སྟངས་སྔ་རྗེས་གསལ་བརྗོད་བྱས་སོང་བ་མ་ཟད། ལྷག་པར་ཉེ་ཆར་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཁང་གི་རྒྱུན་ལས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་འཛིན་ཡུས་ཀྲིན་ཧྲིན་གྱིས་བོད་ཀྱི་རྒྱལ་ས་ལྷ་ས་དང་ནག་ཆུ་ས་ཁུལ་སོགས་སུ་ལྟ་སྐོར་བྱེད་སྐབས། ཁོས་སླར་ཡང་“བཙན་བྱོལ་བོད་མིའི་ཆོས་ལུགས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མས་བཏོན་པའི་བོད་ཁུལ་གྱི་ཆེས་མཐོའི་རང་སྐྱོང་ནི་རྒྱ་ནག་གི་རྩ་ཁྲིམས་དང་རྒྱབ་འགལ་རེད་”ཅེས་བརྗོད་འདུག

འདིའི་སྔོན་དུ་ཁོ་པ་རྒྱ་ནག་ཀན་སུའུ་ཞིང་ཆེན་ཁོངས་གཏོགས་ཀྱི་བོད་ཁུལ་དུ་བསྐྱོད་སྐབས་ཀྱང་གནད་དོན་དེ་གསལ་བརྗོད་བྱས་ཡོད་ལ། ད་ལྟའི་ཆར་སླར་ཡང་གནད་དོན་བསྐྱར་ནན་བྱས་པ་རེད། གནད་དོན་འདིའི་ཐོག་ནས་རྒྱ་གཞུང་གི་དཔོན་རིགས་གསར་པའི་ངོས་ནས་ཀྱང་བོད་དོན་སྲིད་བྱུས་གསར་པ་དང། ཐག་གཅོད་བྱ་རྒྱུའི་འདུན་པ་དང་སེམས་ཤུགས་གསར་པ་གང་ཡང་མེད་པ་གསལ་སྟོན་བྱས་པ་རེད། འོན་ཀྱང་རྒྱ་དམར་དྲག་གཞུང་གི་བྱེད་སྟངས་འདི་ལ་བརྟེན་ནས་བོད་མི་རིགས་ཀྱི་སེམས་པ་འགུག་ཐུབ་ཐབས་མེད་ལ། བོད་ཀྱི་ཆོས་དང་རིག་གཞུང་ཚང་མ་རྩ་མེད་གཏོང་ཐུབ་པའི་ནུས་ཤུགས་དེ་བས་ཀྱང་མེད། རིག་གནས་གསར་བརྗེ་ཟེར་བ་སྤེལ་བའི་སྐབས་ཀྱང་བོད་ཡུལ་ཙམ་དུ་མ་ཟད། རྒྱ་ནག་ཁྱོན་ཡོངས་ཀྱི་སྲོལ་རྒྱུན་རིག་གནས་ཚང་མ་རྩ་མེད་གཏོང་རྒྱུའི་ཐབས་ཤེས་བྱས་ཀྱང། རེ་བ་ཡོད་པ་ཙམ་གྱི་གྲུབ་འབྲས་མ་བྱུང་བར། ད་ལྟའི་ཆར་ཕྱོགས་གང་ས་ནས་བལྟས་ཀྱང་སླར་གསོ་དང་དར་སྤེལ་བྱེད་ཐུབ་ཡོད།

རྒྱ་དམར་དྲག་གཞུང་གིས་མེ་མདའི་སོ་ཁ་ནས་སྤེལ་བའི་བསྒྲགས་གཏམ་དེ་དག་རྫིག་རྫིག་རྔམ་རྔམ་ལྟ་བུ་ཡོད་པ་མ་ཟད། གུས་གུས་ཞུམ་ཞུམ་གྱིས་བརྩི་བཀུར་བྱེད་མཁན་ཡང་མང་པོ་ཞིག་མཐོང་ཡུལ་ཙམ་དུ་ཡོད་ཀྱང། དེ་ནི་ད་ལྟའི་རྣམ་འགྱུར་ཙམ་ལས་སེམས་གཏིང་ནས་བོད་མི་རིགས་ཀྱི་སེམས་པ་འགུག་ཐུབ་པའི་ནུས་པ་རྒྱ་དམར་དྲག་གཞུང་ལ་གཏན་ནས་མེད་པ་གནད་དོན་མང་པོའི་ཐོག་ནས་གསལ་པོ་ར་སྤྲོད་བྱུང་ཡོད། དཔེར་ན་རྒྱ་གཞུང་གིས་བོད་ནང་དུ་རང་སྲོག་བློས་གཏོང་མཁན་དེ་དག་ལ་བཙན་བྱོལ་བོད་གཞུང་གིས་རྒྱུད་སྐུལ་བྱས་ཚུལ་བརྗོད་བཞིན་ཡོད་པ་འདི་ཁོ་ནའི་ཐོག་ནས་ཀྱང། བོད་ནང་གི་བོད་མི་ཚོའི་སེམས་ནང་གི་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་བརྩི་བཀུར་ཇི་ལྟར་བྱེད་རྒྱུ་ཡོད་པ་གསལ་པོ་ངོས་འཛིན་བྱས་པ་རེད། གཞན་རྒྱུད་སྐུལ་བྱས་ཡོད་པའི་དབང་དུ་བཏང་ཡང་དེ་ཙམ་གྱིས་རང་སྲོག་བློས་གཏོང་ཐུབ་ཀྱི་མ་རེད། རྒྱ་གཞུང་གིས་གནད་དོན་དེ་བཤད་པ་ཙམ་གྱིས་བོད་ནང་གི་བོད་མི་ཚོའི་སེམས་ནང་གི་རེ་བ་དང་དགའ་ཞེན་སུ་ལ་བྱེད་ཀྱི་ཡོད་མེད་རྒྱལ་སྤྱིའི་ཁྲོད་དུ་ཡང་ཡང་གསལ་པོ་བཟོས་ཟིན་པ་རེད།

དེར་བརྟེན་རྒྱ་གཞུང་གིས་དུས་རྒྱུན་དུ་བོད་ཀྱི་གནད་དོན་ལ་འཁྱོག་བཤད་བྱས་པ་དང་༧གོང་ས་མཆོག་ལ་སྐུར་འདེབས་བྱས་ནས། བོད་ནང་གི་བོད་མིའི་ཚོའི་སེམས་པ་འགུག་ཐབས་ཀྱི་བཟོ་ལྟ་སྟོན་བཞིན་པ་ནི། དོན་དམ་པར་བོད་རྒྱ་མི་རིགས་གཉིས་ཀྱི་འགལ་ཟླ་ཆེ་རུ་གཏོང་ཐབས་བྱེད་པ་དང། དེ་ལ་བརྟེན་ནས་རྒྱ་མི་རིགས་ཀྱི་ངོས་ནས་རྒྱ་དམར་དྲག་གཞུང་ལ་སེམས་ཁ་འཁོར་བ་མ་ཟད། བོད་མི་རིགས་ལ་འཁོན་འཛིན་བྱེད་ཐུབ་པ་ཞིག་བྱུང་ན་དམར་ཤོག་གི་སྲིད་གཞུང་བརྟན་པོ་གནས་ཐུབ་པའི་རེ་བ་རྒྱག་གི་ཡོད་པ་རེད། འོན་ཀྱང་འཛམ་གླིང་གི་ཁོར་ཡུག་ཀུན་ཏུ་གནས་ཚུལ་ལ་འགྱུར་ལྡོག་གསར་པ་མང་པོ་འགྲོ་བཞིན་ཡོད་པ་དང། གཅིག་སྡུད་དབང་འཛིན་གྱི་ལམ་ལུགས་ཚང་མ་ཉིན་རེ་བཞིན་ཉུང་དུ་འགྲོ་བཞིན་པའི་སྐབས་སུ་རྒྱ་དམར་དྲག་གཞུང་ཡང་སུ་གཅིག་ལ་ལྟོས་མི་དགོས་པར་གནས་ཐུབ་ཐབས་མེད་པ་དང། རྒྱ་མི་རིགས་ཀྱང་དུས་རྒྱུན་ཕྱི་ཕྱོགས་ཀྱི་གནས་ཚུལ་དང་དངོས་ཡོད་གནས་ཚུལ་མི་ཤེས་པའི་མི་རིགས་རིང་ལུགས་ཀྱི་ཞྭ་ནག་དགུ་བརྩེགས་ཀྱིས་མགོ་བོ་བཏུམས་ནས་སྡོད་མི་སྲིད་པ་ཞིག་རེད།

གོང་དུ་བརྗོད་པ་བཞིན་རྒྱ་གཞུང་གི་བྱེད་སྟངས་དེ་དག་ལ་བརྟེན་ནས་བོད་མི་རིགས་རྩ་མེད་བཟོ་མི་ཐུབ་ནའང། ང་ཚོའི་ངོས་ནས་ཀྱང་“མེས་རྒྱལ་ལ་དགའ་ཞེན་དང། ཏང་ལ་བརྩི་བཀུར་བྱེད་དགོས། བོད་རྒྱ་གཉིས་ལོ་རྒྱུས་ཀྱི་ཐོག་ནས་གཅིག་གྱུར་ཡིན་”ཟེར་བ་ལྟ་བུའི་སློབ་གསོ་དང། ལས་འགུལ་སྤེལ་ནས་བཙན་བྱོལ་ནང་ལས་འགུལ་གྱི་རྣམ་གྲངས་ཉུང་དུ་སོང་ན། བོད་མི་རིགས་ཀྱི་ཚོར་བ་དང་སེམས་ཤུགས་ཡོངས་རྫོགས་བརླགས་འགྲོ་བ་དང། རིམ་པས་བོད་དོན་དེ་ཉིད་གོ་ལ་འདིའི་ཁྲོད་ནས་བརླག་རྒྱུ་ཡིན་པ་བཤད་མ་དགོས་པ་རེད། ད་ལོའི་ཕྱི་ཟླ་གསུམ་པའི་རྗེས་སུ་བཙན་བྱོལ་ནང་ལས་འགུལ་གང་ཡང་བྱུང་མེད་པ་དང། མ་འོངས་པར་ཡང་ལས་འགུལ་རིགས་ཡོང་རྒྱུ་ཧ་ཅང་ཁག་པོ་ཡིན་པའི་གནས་སྟངས་རང་ཤུགས་ཀྱིས་ཆགས་ཡོད། སྤྱིར་ལས་འགུལ་དེ་དག་གིས་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་དང་བོད་པ་རང་ངོས་ནས་སེམས་ཤུགས་འཕར་བར་ཕན་ཐོགས་ཆེན་པོ་ཡོད་ཀྱང། ད་ནི་བོད་པའི་ལས་འགུལ་ཞེས་པ་མར་མེའི་ཁྲོམ་སྐོར་ཙམ་དུ་གྱུར་སོང།།

Share this:
༨༦ ཀློག་གྲངས།