བོད་མི་ཁག་ཅིག་ལ་རྒྱ་གཞུང་གིས་ཁྲིམས་ཐག་བཅད་འདུག

རྒྱ་ནག་གཞུང་གིས་སྔར་ལོ་ནས་འཇུ་བཟུང་བྱས་པའི་བོད་མི་ཁག་ཅིག་ལ་ད་ལྟ་ཁྲིམས་ཐག་བཅད་པ་དང་། ཁག་ཅིག་གང་དུ་བཀག་ཉར་བྱས་ཡོད་འབྲེལ་ཡོད་ཀྱི་ས་ཤེས་རྟོགས་བྱུང་ཡོད་པ་རེད།

དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ༢༠༡༢ ལོའི་ལོ་མཇུག་ ན་བོད་མདོ་སྨད་རྩེ་ཁོག་རྫོང་ཁོངས་སུ་བོད་དོན་ཆེད་རང་ལུས་མེར་སྲེག་གྱི་མཚོན་པའི་རྒྱ་ནག་གཞུང་ལ་ཞི་རྒོལ་བསྟུད་མར་བྱུང་བའི་ཁྲོད་འཇུ་བཟུང་བྱས་པའི་སློབ་མ་འཇམ་དབྱངས་ཚེ་བརྟན་ལ། མི་རིགས་ཁ་བྲལ་གྱི་ཉེས་ འཛུགས་བྱས་ནས་མི་ལོ་བཞིར་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།

ཁོང་གི་སྐྱེས་ཡུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོ་ཡིན་པ་དང་། མཚོ་སྔོན་ཟི་ལིང་འགྲིམ་འགྲུལ་སློབ་གྲྭའི་སློབ་མ་ཡིན་འདུག།

ལོ་སྔོན་མའི་ནང་རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་སྐབས་ཀྱི་ཕྱི་ཟླ་༡༡ པའི་ནང་རང་ལུས་མེར་བསྲེག་གིས་རྒྱ་ནག་གི་བོད་ཐོགས་འཛིན་པའི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་མཁན་རེབ་གོང་རྩེ་ཁོག་ནས་ཕྱི་ཚེས་༡༧ ཉིན་རྩེ་ཁོག་མགོན་ཤུལ་ནས་ཡིན་པ་རང་ལོ་ ༢༤ གསང་བདག་ཚེ་རིང་དང་། ༢༠༡༢ ལོའི་ཟླ་༡༡ ཚེས་༢༣ ཉིན་ རྩེ་ཁོག་རྫོང་རྡོ་དཀར་མོ་གྲོང་ཚོ་རུ་རང་ལོ་༢༩ ཡིན་པ་རྟ་མགྲིན་རྡོ་རྗེ། ༢༠༡༢/༡༡ ཚེས་ ༢༥ ཉིན་གྱི་རྩེ་ཁོག་རྡོ་དཀར་མོ་ཡུལ་ཚོ་བར་སྐོར་སྡེ་བའི་རང་ལོ་ ༡༧ ཡིན་པའི་ཨ་ནེ་སངས་རྒྱས་སྒྲོལ་མ། ༢༠༡༢/༡༢/༩ ཉིན་རྩེ་ཁོག་ཏུ་སློབ་ཕྲུག་བུ་མོ་རང་ལོ་ ༡༧ ཅན་བན་ཆེན་སྐྱིད་བཅས་ཀྱིས་སྔ་རྗེས་སུ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་སྐུ་གྲོངས་ཡོད་པ་རེད།

གཞན་ཡང་༢༠༡༢ ལོའི་ཟླ་༡༢ ཕྱི་ཚེས་༡༠ ཉིན་བོད་མདོ་སྨད་རེབ་གོང་ཁུལ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་ཕྲུག་༡༨ རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པའི་ཁྲོད་སློབ་མ་ཁག་ཅིག་ལ་ཁྲིམས་ཐག་བཅད་ཡོད་པ་ཤེས་རྟོགས་ཐུབ་པ་ནི་སྔར་ལོའི་ཕྱི་ཟླ་༡༡ ཚེས་༩ ཉིན་རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་དང་རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་། རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། རེབ་གོང་རྫོང་མི་རིགས་སློབ་འབྲིང་སོགས་སློབ་གྲྭ་ཁག་གི་སློབ་མ་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས། མི་རིགས་འདྲ་མཉམ་བྱ་དགོས། བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས། སོགས་ཀྱི་སྐད་འབོད་ཁྲོམ་སྐོར་གནང་སྐབས། རྒྱ་གཞུང་ཉེན་རྟོག་པས་སློབ་ཕྲུག་མང་པོར་གཅར་རྡུང་བྱས་ཏེ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། སློབ་མ་མང་པོ་འཛིན་བཟུང་དང་སློབ་སྤྱི་ཁག་ཅིག་གནས་དབྱུང་བཏང་ཡོད་པ་ལྟར། སྐབས་དེར་འཛིན་བཟུང་བྱས་པའི་སློབ་མ་དབང་རྡོ་རྗེ་དབང་ཕྱུག་ལ། རྨ་ལྷོ་ཁུལ་ས་གནས་ཁྲིམས་ཁང་གིས་སློབ་མའི་ལས་འགུལ་གྱི་སྣེ་འཁྲིད་པའི་ཉེས་མིང་འོག་ལོ་ ༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

སློབ་མ་དབང་ཕྱུག་རྡོ་རྗེ་ནི་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཉིན་ཤུལ་ཞང་རོང་བོ་ས་ཆ་ནས་ནས་ཡིན་ཞིང་། ཁོང་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་བའི་སློབ་མ་ཡིན་འདུག རྒྱ་གཞུང་གི་ཉེས་མེད་ཉེས་འཛུགས་ཀྱིས་འཛིན་བཟུང་རྗེས་ད་ཆར་མཐོ་རྒྱུགས་ལ་ཞུགས་མ་ཐུབ་པར་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པ་རེད།

ཕྱི་ལོ་༢༠༡༢ ལོའི་ཟླ་༡༡ ནང་དུ་བོད་མདོ་སྨད་རེབ་གོང་མདོ་བ་རུ་བསྟུད་མར་བོད་མིའི་རང་ལུས་མེར་སྲེག་གི་རྒྱ་གཞུང་ལ་ངོ་རྒོལ་གྱི་གནས་ཚུལ་བྱུང་རྗེས། བོད་མི་མང་པོ་མངོན་ལྐོག་གཉིས་ནས་འཛིན་བཟུང་བྱས་ཡོད་པའི་ཁྲོད་རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་འདུན་པ་རང་ལོ་༡༩ཡིན་པའི་བརྩོན་འགྲུས་ཆོས་ལྡན་ཞུ་བ་ཞིག་ལ། རྨ་ལྷོ་ཁུལ་མི་མང་འབྲིང་རིམ་ཁྲིམས་ཁང་ཟེར་བས་རང་ལུས་མེར་སྲེག་མཁན་ལ་སྐུལ་སློང་གི་ཉེས་མིང་འོག་ལོ་གཉིས་གྱི་ཁྲིམས་ཐག་བཅད་དེ་ད་ལྟ་ཟི་ལིང་གི་བཙོན་ཁང་ཞིག་ཏུ་ཡོད་འདུག

སྔར་ལོར་ཕྱི་ཟླ་༡༡ ཚེས་༡༦ ཉིན་རེབ་གོང་མདོ་བ་མཁར་སྐྱ་ནས་ཡིན་པའི་དགེ་འདུན་པ་བརྩོན་འགྲུས་ཆོས་ལྡན་དང་དཀོན་མཆོག་བསོད་ནམས་གཉིས་མཉམ་གཅིག་དུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། རེབ་གོང་མདོ་བ་ནས་སྔར་ལོའི་ཕྱི་ཟླ་༡༡ པའི་ཚེས་༧ དང་ཚེས་༨ ཚེས་༡༢ བཅས་སུ་བསྟུན་མར་རྒྱལ་གཅེས་དཔའ་བོ་བཞིས་རང་ལུས་མེར་སྲེག་གི་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ལྟར། དགེ་འདུན་པ་ཁོང་གཉིས་དེ་སྔོན་རྒྱལ་གཅེས་དཔའ་བོའི་སྐལ་བཟང་སྦྱིན་པའི་གྲོགས་པོ་ཡིན་པས་་ཁོང་གི་འདས་མཆོད་སྒྲུབ་པར་ཕེབས་ཏེ། ཕྱི་ཟླ་༡༡ ཚེས་༡༦ ཉིན་མདོ་བ་ནས་རེབ་གོང་རོང་བོ་དགོན་ཆེན་ལ་འགྲོ་སྐབས། ལམ་བར་གྱི་བོན་པོ་ཉག་ཁ་ཞེས་པར་ཉེན་རྟོག་པས་གསང་བའི་ངང་འཇུ་བཟུང་བཙན་ཁྲིད་བྱས།

གོང་བརྗོད་དགེ་འདུན་པ་གཉིས་དང་འགྲོ་རོགས་མདོ་བའི་རྒད་པོ་ཁ་ཤས་བཅས་ཚང་མ་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག་ལ། རེབ་གོང་ཐོ་རྒྱ་སྡེ་པར་སླེབས་མཚམས་ལམ་ཁར་རྒན་པོ་ཚོ་གློད་གྲོལ་བྱས་ཡོད་ནའང་། དགེ་འདུན་པ་གཉིས་གང་དུ་ཁྲིད་མིན་ཤེས་རྟོགས་ཐུབ་མེད་པ་རེད། ནང་མི་དང་ཉེ་འབྲེལ་ཡོངས་ཀྱིས་སེམས་ཁྲལ་ཆེན་པོ་བྱས་པ་མ་ཟད་གོང་བརྗོད་གྲྭ་པ་གཉིས་ཀྱི་དགེ་རྒན་ཡིན་པ་ཨ་ལགས་རྒྱ་མཚོ་དང་སྡེ་མི་ཁ་ཤས་རྒྱ་གཞུང་ལས་ཁུངས་སུ་སོང་ནས་ཉེས་མེད་ཀྱི་མི་འཇུ་བཟུང་བྱས་མི་ཆོག་པའི་ཞུ་གཏུག་ཡང་ཡང་བྱས་རྐྱེན་ཅུང་གློད་ཁུལ་བྱས་ཡོད་ནའང་བསྐྱར་དུ་སྐབས་དེར་འཛིན་བཟུང་གིས་གར་ཁྲིད་ཆ་མེད་དུ་གྱུར་ནས་ད་ཆར་ཤེས་རྟོགས་བྱུང་བ་ནི་དགེ་འདུན་པ་བརྩོན་འགྲུས་ཆོས་ལྡན་ལ་རྒྱ་གཞུང་གི་གསང་བའི་ངང་ཁྲིམས་ཐག་བཅད་ཡོད་འདུག

དགེ་འདུན་པ་བརྩོན་འགྲུས་ཆོས་ལྡན་ནི་རེབ་གོང་མདོ་བ་མཁར་སྐྱ་སྡེ་པའི་ཕ་མཁའ་འགྲོ་དང་མ་ཀུ་ལེ་གཉིས་ཀྱི་བུ་ཡིན་པ་དང་། ད་ལྟ་རང་ལོ་༡༩ ཡིན་འདུག

དེ་བཞིན་དུ་༢༠༡༢ ལོའི་ཕྱི་ཟླ་༡༡ ནང་རེབ་གོང་དུ་རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་བར་རྐྱེན་བྱས་ཏེ། མདོ་བ་ཁྱི་ལྔ་སྡེ་པའི་མིང་ལ་ལྷ་མོ་དང་ད་ལྟ་རང་ལོ་༢༠ཡིན་པ་ཞིག་ལ་བོད་རང་བཙན་སྐད་འབོད་དང་རྒྱ་ནག་གི་རྒྱལ་དར་གཤགས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ། ལོ་༢ཀྱི་ཁྲིམས་ཐག་བཅད་རྗེས་ད་ལྟ་ཟི་ལིང་གི་བཙོན་ཁང་ཞིག་ཏུ་ཡོད་འདུག།

ད་དུང་མདོ་བ་ལྡོང་ངེ་སྡེ་བའི་བསམ་མེ་ཚང་གི་བུ་རང་ལོ་༡༧ཡིན་པའི་སློབ་མ་༼འདིའི་མིང་ཤེས་མ་སོང་༽ཞིག་ལ་བོད་རང་བཙན་སྐད་འབོད་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ། ལོ་ངོ་༢ ཀྱི་ཁྲིམས་ཐག་བཅད་དེ་ད་ལྟ་ཟི་ལིང་གི་བཙོན་ཁང་ཞིག་ཏུ་ཡོད་པ་ཤེས་རྟོགས་ཐུབ་ཡོད་པ་རེད།

མདོ་བ་མཁར་སྐྱ་སྡེ་པའི་དཀོན་མཆོག་ཚེ་བརྟན་གྱི་ཚ་བོ་རང་༡༨ཡིན་ཅིང་མིང་ལ་བསོད་འབུམ་ཟེར་བ་ཞིག་ལ་བོད་རང་བཙན་སྐད་འབོད་བྱས་པ་དང་རང་ལུས་མེར་སྲེག་མཁན་ཞིག་གིས་རང་ལུས་མ་སྲེག་པའི་སྔར་ཉིན་འཕྲུལ་རྟ་ནང་དུ་སྣུམ་སྔ་གཞུག་བྱས་ཏེ་བླུགས་པ་ཉེས་མེད་ཉེས་པར་བརྩིས་ཏེ་ད་ལྟ་ཁྲིམས་ཐག་མ་བཅད་པར་ཟི་ལིང་གི་བཙོན་ཁང་ཞིག་ཏུ་བཀག་ཉར་འོག་ཡོད་འདུག

ལོ་སྔོན་མར་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་མཚམས་མ་ཆད་པར་འབྱུང་བཞིན་པའི་སྐབས་དེར་མཚོ་སྔོན་ཕྱོགས་སུ་རྒྱ་ནག་གི་སྲིད་ཇུས་གསར་པ་གཏན་འབེབས་ཀྱིས་བརྡ་ཁྱབ་དང་དྲིལ་བསྒྲགས་ཡིག་ཆ་འདྲ་མིན་གང་སར་བཀྲམ་སྟེ་མི་མང་ལ་འཇིགས་སྐུལ་དང་སྡིག་ར་བསྐུལ་ནས་དྲག་གནོན་ཧ་ཅང་ཤུགས་ཆེར་བྱས་ཡོད་པའི་སྟེང་ལ་གོང་བརྗོད་བོད་མི་དེ་དག་ལ་གསང་བའི་ངང་ཁྲིམས་ཐག་བཅད་འདུག

Share this:
༡༤༠ ཀློག་གྲངས།