པོའོ་ཞི་ལེ་ལ་ཕྱི་ཚེས་༢༢ ཉིན་ཁྲིམས་ཐག་གཅོད་རྒྱུ་རེད།

ལྐོག་ཟ་རུལ་སུངས་དང་དབང་ཆ་བེད་སྤྱོད་ལོག་པར་བཏང་བའི་ཉེས་འཛུགས་འོག  འཇུ་བཟུང་བྱས་པའི་རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཟུར་པ་དང་། ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཟུར་པ་པོའོ་ཞི་ལེ་ལ་དངོས་སུ་ཁྲིམས་ར་འཚོགས་ཏེ་ཁྲིམས་ཐག་གཅོད་རྒྱུ་ཡིན་འདུག

རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ནེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གཉིས་པས་ཟླ་འདིའི་ཕྱི་ཚེས་༡༨ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། ཁྲིམས་ཁང་དེས་ཕྱི་ཟླ་༨ པའི་ཚེས་༢༢ ཉིན་གྱི་ཆུ་ཚོད་༨ དང་སྐར་མ་༣༠ ཐོག  ནག་འཛུགས་ཉེས་ཅན་པ་པོའོ་ཞི་ལེ་ལ་ལྐོག་རྔན་ལེན་པ་དང་ལྐོག་ཟ་རུལ་སུངས། དབང་ཆ་བེད་སྤྱོད་ལོག་པར་བཏང་བའི་ཉེས་འཛུགས་བྱས་ཏེ།  དངོས་སུ་ཡོངས་གྲགས་ཀྱིས་ཁྲིམས་ར་འཚོགས་རྒྱུ་ཡིན་འདུག

པོའོ་ཞི་ལེ་ཡི་ནང་མི་དང་འབྲེལ་བ་གཏིང་ཟབ་ཡོད་པའི་གནས་ཚུལ་ཡོང་ཁུངས་ཤིག་གིས་ཕྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ངོ་སྤྲོད་བྱས་པ་ལྟར་ན། པོའོ་ཞི་ལེ་ཡི་བཟའ་ཟླ་གྷུ་ཁེ་ལེ་ཁྲིམས་ར་རུ་ཡོང་ནས་པོའོ་ཡི་ཁ་གཏད་ཀྱི་བདེན་དཔང་གཙོ་བོ་བྱེད་རྒྱུ་ཡིན་འདུག

པོའོ་ཡི་ནང་མི་དང་ཁྲིམས་རྩོད་པའི་མཉམ་དུ་གནད་དོན་དེའི་སྐོར་གླེང་མོལ་བྱས་མྱོང་བའི་མི་གཉིས་ཀྱིས་ཨ་རིའི་Wall street Journal གསར་ཁང་ལ་ངོ་སྤྲོད་བྱས་པ་ལྟར་ན། གྷུ་ཁེ་ལེ་ཁ་གཏད་ཀྱི་ཉེས་འཛུགས་བདེན་དཔང་མི་སྣའི་ངོ་བོའོ་ཐོག་ནས་ཁྲིམས་ར་རུ་ཧ་ཅང་ཡོང་སྲིད་པ་ཞིག་ཡིན་པ་རེད། ཁོང་གཉིས་ཀྱིས་བརྗོད་དོན། པོའོ་ཞི་ལེ་ལ་ཁོང་གི་བཟའ་ཟླ་ཁྲིམས་ར་རུ་ཡོང་བར་མོས་མཐུན་ཁྱོན་ནས་མེད་པ་མ་ཟད། གལ་ཏེ་ཁྲིམས་ར་རུ་གྷུ་ཁེ་ལེ་མཐོང་བ་དང་བརྙན་འཕྲིན་ལེན་ཏེ་བདེན་དཔང་བྱས་པ་གང་ཡིན་ཡང་། ཁོང་གིས་ཁྲིམས་ཞིབ་མཚམས་བཅད་ནས་གྷུ་དང་བཟའ་འཐོར་གྱི་དགོས་འདུན་བཏོན་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

གནས་ཚུལ་ཡོང་ཁུངས་དེས་འགྲེལ་བརྗོད་བྱས་པ་ལྟར་ན། གྷུ་ཁེ་ལེ་ཁྲིམས་ར་རུ་ཡོང་ནས་པོའོ་ཁ་གཏད་ཀྱི་ཉེས་འཛུགས་བྱེད་རྒྱུ་དེ་ནི། པོའོ་ཚང་གི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ནའང་། གཙོ་བོ་དེ་གྷུ་ཡིས་བྱེད་ཐབས་ཅི་ལྟ་བུ་ཞིག་སྤྱོད་དེ་བདེན་དཔང་བྱེད་མིན་ལ་རག་ལུས་ཡོད་པ་རེད། པོའོ་ཡིས་ཁོང་གི་བཟའ་ཟླ་གྷུ་ཡི་ཡིག་ཐོག་གི་བདེན་དཔང་ཁས་ལེན་བྱེད་ཐུབ་སྲིད་ཀྱང་། གལ་སྲིད་གྷུ་དངོས་སུ་ཁྲིམས་ར་རུ་ཡོང་བ་ཡིན་ན། གནས་ཚུལ་ཅི་ལྟ་བུ་ཞིག་ལྷག་རྒྱུ་ཡིན་མིན་ཚོད་དཔག་བྱེད་དཀའ་བ་ཞིག་ཡིན་པ་རེད།

རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་བ་ཡིན་ན། ཁྲིམས་ཁང་གིས་བཙན་ཤེད་ཀྱིས་གྷུ་ཡིས་པོའོ་ཡི་ཁ་གཏད་ཉེས་འཛུགས་བདེན་དཔང་བྱེད་ཆོག་གི་མེད་པ་རེད། ཡིན་ནའང་གནད་དོན་དབྱེ་ཞིབ་པས་བརྗོད་པ་ལྟར་ན། གྷུ་ཡིས་ཁོང་གཉིས་ཀྱི་བུ་པོའོ་ཀའ་ཀའ་སྲུང་སྐྱོབ་ཀྱི་ཆེད་དུ་ཁྲིམས་ར་རུ་ཡོང་སྲིད་པ་ཞིག་ཡིན་པ་རེད།

པོའོ་ཀའ་ཀའ་ཡིས་ད་ལོའི་ལོ་སྟོད་ཙམ་ནས་ཨ་རིའི་ཀོ་ལམ་བྷི་ཡ་སློབ་གྲྭ་ཆེན་མོ་(Columbia University) རུ་སློབ་སྦྱོང་བྱེད་བཞིན་པ་དང་། སྤྱིར་ཁོང་གི་ཕ་མ་གཉིས་ཀ་དཀའ་ངལ་གྱི་འོག་ཏུ་ཚུད་ཡོད་ཀྱང་། པོའོ་ཀའ་ཀའ་ལ་ནག་ཉེས་འཛུགས་གང་ཡང་བྱས་མེད་པ་རེད།

Share this:
༩༩ ཀློག་གྲངས།