འགྲུལ་བཞུད།

 

མི་ཚེ།དེ་ནི་འགྲུལ་བཞུད་ཅིག 

དེ་ནི་རིང་ལ་ཐུང་བའི་འགྲུལ་བཞུད་རྣལ་མ་ཞིག

འགྲུལ་བཞུད་ཀྱི་གོ་རིམ་ཁྲོད་ནས།

སྐབས་རེ་ཁྱོད་ཉིད་ཕམ་ཡང་སྲིད་ལ་ལན་རེ་ཁྱོད་རྒྱལ་ན་ཐང་།

མཚམས་རེ་ཁྱོད་ཀྱིས་སྐྱོ་བའི་སྨག་རུམ་གྱི་མུན་ཁྲོད་རིང་མོ་གྲིམས་དགོས་བྱུང་ལ།

ལན་རེ་སྐྱིད་ཀྱི་རྟ་ཕོར་བཞོན་ནས་མུ་མེད་རྩྭ་ཐང་ནས་རྒྱུགས་ཀྱང་སྲིད།

མདོར་ན།མི་ཚེ་འདི་ནི་འགྲུལ་བཞུད་ཅིག

སྐྱིད་ལ་སྡུག་པའི་མི་ཚེ།རིང་ལ་ཐུང་བའི་འཚོ་བ།

དེ་ནི་འགྲུལ་བཞུད་ཅིག

ཆེས་ཉེ་ས་ཉེ་ས་ཞིག་ནས་རྒྱང་རིང་དུ་བསྐྱོད་ཅིང་།

ཆེས་ཐག་རིང་ཐག་རིང་ཞིག་ནས་ཉེ་སར་ཆས་པའི་འགྲུལ་བཞུད།

རྒྱང་བསྐྱོད་ཀྱི་གསེབ་ནས་ཁྱོད་ལ་དྲག་ཆར་བབས་སྲིད་ལ།

འགྲུལ་བཞུད་ཀྱི་ཀློང་ནས་ཁྱེད་ལ་མེ་ཏོག་རྒྱས་ཀྱང་རུང་།

ཨ་ཕས།མི་ཚེའི་འགྲུལ་བཞུད་ཀྱི་ཀློང་ནས་བསམ་རྒྱུ་ཕ་ཡུལ་ཡིན་དགོས་ལ།

དམིགས་ས་མི་རིགས་འདི་ཡི་བདེ་སྡུག་ངོ་མ་དེ་ཡིན་དགོས་ཟེར།

ཨ་མས།འགྲུལ་བཞུད་ཀྱི་ལམ་བུ་ནི་ཀྱག་ཀྱོག་མང་ཞིང་རྐང་ལམ་ཧ་ཅང་ཕྲ།

དྲག་ཆར་མང་ལ་སྡུག་རྩུབ་ཆེ་བས་ཁྱེད་ལ་ཞུམ་མེད་ཀྱི་སྙིང་སྟོབས་ཞིག་ཀྱང་དེ་བས་དགོས་ཚུལ་གླེང་།

དགེ་རྒན་གྱིས།ང་ཚོའི་འགྲུལ་བཞུད་ནི་མུ་མེད་ཀྱི་རྩྭ་ཐང་ཡངས་མོ་དེ་དང་འདྲ་བས།

ཁྱོད་ལ་མདུན་བསྐྱོད་ཀྱི་ཕུགས་བསམ་དང་ཞུམ་མེད་ཀྱི་བརྩོན་སེམས་དགོས་ཚུལ་གསུངས།

ཁྱོད་ཀྱི་འགྲུལ་བཞུད་ནི་ཆེས་ཁྱད་པར་བ་ཞིག་རེད་དེ།

ཁྱོད་ཀྱིས་མ་འོངས་ན་ཁྱེད་རང་ལྟ་བུའི་འགྲུལ་བཞུད་པ་མང་པོ་མང་པོ་ཞིག་ལ་ལམ་སྣེ་སྟོན་དགོས་ཟེར།

མདོར་ན།མི་ཚེ་འདི་འགྲལ་བཞུད་ཅིག   

ཕྲག་སྟེང་ན་ལྗིད་ཏིག་ཏིག་གི་ལས་འགན་མང་བའི་འགྲུལ་བཞུད་རྣལ་མ་ཞིག

དེ་ནི་འཇིག་རྟེན་པ་ཡི་མི་ཚེ་རེད།དེ་ནི་འཇིག་རྟེན་འཁོར་བའི་འགྲུལ་བཞུད་རེད།

མི་ཚེ་ཟེར་བ་འགྲུལ་བཞུད་ཅིག་དང་འགྲུལ་བཞུད་ཟེར་བ་རེ་བས་སྟེམས་པའི་རྒྱང་བསྐྱོད་ཅིག

ཡ་ད་ངའི་འགྲུལ་བཞུད་ཀྱི་ཁ་ཕྱོགས་ཕ་ཡུལ་ན་སྒྱུར་ནས་འགྲོ་རྒྱུ

 

 

 

Share this:
༢༨༧ ཀློག་གྲངས།