བོད་ཀྱི་གཏེར་ཁ་སྔོག་འདོན་ནི་རྒྱ་ནག་གི་ཆེད་གཉེར་ལས་ཀ་རེད།

ཞི་བ་པ་ཀུན་ཁྱབ་དཔལ་བཟང་།
ཟླ་འདིའི་གཟའ་འཁོར་སྔོན་མའི་རེས་གཟའ་ཟླ་བ་ཉིན་༼ཕྱི་ཟླ་༨ ཚེས་༡༢ ༽ནས་བཟུང་སྟེ། བོད་མདོ་ཁམས་ཆུ་བཞི་སྒང་དྲུག་ལས་རྫ་ཆུའི་མགོ་ཁུངས་ཡིན་སའི་རྫ་སྟོད་རྫོང་ཁུལ་དུ་རྒྱ་གཞུང་གིས་རྡོ་རྗེ་ཕ་ལམ་གཙོ་བོར་གྱུར་པའི་གཏེར་ཁ་སྔོག་འདོན་གྱི་བྱ་སྤྱོད་ཅིག་གསར་དུ་འགོ་བརྩམས་པར་བརྟེན།

ཡུལ་ཁྲིམས་དང་འགལ་བའི་བྱ་སྤྱོད་དེར་ཡུལ་མི་མང་ཚོགས་ཀྱིས་འཛམ་གླིང་སྤྱི་འགྲོས་ཀྱི་ཁྲིམས་ལུགས་དང་། ལྷག་པར་རྒྱ་ནག་གི་རྩ་ཁྲིམས་དང་མཐུན་པའི་རང་བྱུང་ཁོར་ཡུག་དང་སྐྱེས་ཁམས་ལ་སྲུང་སྐྱོབ་ཆེད། ཞི་བའི་ངང་བཀག་འགོག་དང་ཟློག་ཐབས་བྱས་པར། རྒྱ་ནག་གི་དྲག་ཆས་དཔུང་དམག་གིས་གོ་མཚོན་སྤྱད་དེ་ཉེས་མེད་མི་མང་ལ་དྲག་གནོན་ཚད་ལས་འདས་པ་བྱས་དང་བྱེད་མུས་རེད་འདུག་ན། བྱ་སྤྱོད་དེ་དང་འབྲེལ་བའི་གནད་དོན་ཁག་ཅིག་གླེང་འདོད་བྱུང་།

བོད་ཀྱི་བང་ཆེན་སོགས་གསར་ཁང་ཁག་གི་གནས་ཚུལ་ལ་གཞིགས་ན། ཕྱི་ཚེས་༡༦ ཉིན་རྒྱ་གཞུང་གི་དམག་མིས་ཁོར་ཡུག་སྲུང་སྐྱོབ་མཁན་གྱི་ཉེས་མེད་བོད་མི་ཚོར་མེ་མདའི་འཇིགས་སྐུལ་དང་དུག་རླངས་བཏང་བ་སོགས་ཀྱིས་དྲག་གནོན་ཚད་ལས་བརྒལ་བ་བྱས་ནས། གཏེར་ཁ་སྔོག་འདོན་གྱི་བྱ་སྤྱོད་སྤེལ་བཞིན་པའི་ཛ་དྲག་གི་གནས་ཚུལ་ཐོན་ཡོད་མོད། ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་ཐོ་འགོད་ཡོད་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་སྤྱི་དང། བོད་དོན་ལས་འགུལ་ཁང་ཁག་གི་ཁྲིམས་འགལ་གྱི་གཞུང་འབྲེལ་བྱ་སྤྱོད་དེ་སྣང་མེད་ཀྱིས་བཀག་འགོག་བྱེད་ཐབས་ཀྱི་འབོད་སྒྲ་གང་ཡང་བསྒྲགས་མ་ཐུབ་པ་ནི་སྤྱིར་བདེན་པར་རྒྱབ་ལངས་མེད་པ་དང་ལྷག་པར་འཚེ་མེད་ཞི་བའི་འཐབ་རྩོད་ལ་བརྩི་བཀུར་མེད་པའི་རྣམ་འགྱུར་ཐོན་པས་ཧ་ཅང་བློ་ཕམ་ཡོད།

མ་ཟད་རྒྱ་ནག་གིས་ཞི་བདེ་དང་རང་བྱུང་ཁམས་ལ་དགའ་བའི་བོད་མི་ཉམས་ཆུང་ལྷག་བསམ་ཅན་རྣམས་ལ་ཇག་ཚོགས་ཀྱི་ཉེས་འཛུགས་བྱས་ཤིང་། ཁེ་ཚ་བསོད་རྡོར་སོགས་ཁོར་ཡུག་ཐོག་ལས་ཀ་བྱེད་མཁན་མི་སྣ་རྣམས་བཙན་ཁྲིད་བྱས་ནས་ཉེས་མེད་བཙོན་འཇུག་བྱས་པ་དང་། མང་ཚོགས་ཐོག་དྲག་དམག་སྟོང་ཚོ་དུ་མ་འགྲེམས་འཇོག་བྱས་ཏེ། མེ་མདའ་དང་དུག་མཚོན་བཀོལ་ནས་འཇིགས་སྐུལ་གྱི་ལས་འགུལ་སྤེལ་བར། བོད་མི་རྣམས་བྱེད་ཐབས་ཟད་ནས་“ཕོ་ཟད་མོ་ལ་ཐུག ལག་ཟད་དཔུང་ལ་ཐུག་”ཀྱང་གཅེས་པའི་རང་སྲོག་བློས་གཏོང་གིས་རང་བྱུང་གཏེར་ཁ་ལ་སྲུང་སྐྱོབ་བྱེད་པའི་དམ་བཅའ་འཇོག་དགོས་བྱུང་བ་མཚོན། བོད་མི་མང་ཚོགས་རྣམས་ད་ཆར་ཉེན་ཚབས་ཆེན་པོའི་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་པས། དཔའ་མཛངས་ལྡན་པའི་མང་ཚོགས་ཀྱི་ལྷག་བསམ་དང་བློས་གཏོང་ལ་གུས་བསྟོད་ཞུ་བ་དང་། རྒྱ་གཞུང་གི་ཁྲེལ་མེད་འཇིགས་སྐུལ་གྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

སྤྱིར་བོད་ཀྱི་མཐོ་སྒང་འདིར་རྒྱ་ནག་གིས་ནུབ་ཕྱོགས་ཀྱི་གཏེར་མཛོད་ཁང་ཞེས་བརྗོད་ཅིང་། ད་བར་གཏེར་རིགས་༡༢༦ ཙམ་རྙེད་ཡོད་སྐོར་བོད་གཞུང་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱི་ཞིབ་འཇུག་གསར་འཕྲིན་དུ་གསལ་ཡོད་པས། ད་ཐེངས་རྫ་སྟོད་དུ་ད་ལོར་ཕ་ལམ་གཙོ་གྱུར་གྱི་གཏེར་ཁ་སྔོག་འདོན་གྱི་ལས་འགུལ་འདི་ལྟ་བུ་ནི། ཕྱི་ལོ་༡༩༦༠ ལོ་ཙམ་ནས་ལོ་མང་རིང་ཆེད་གཉེར་འདོད་དོན་ནམ་གོ་རིམ་ལམ་ལུགས་ལྡན་པའི་འཆར་གཞི་དང་དམིགས་ཡུལ་ཞིག་ཡིན་པས། བོད་ཡུལ་སྟོད་སྨད་བར་གསུམ་གང་ས་ནས་གཏེར་ཁ་སྔོག་འདོན་དེ་གསང་གང་ཐུབ་ཀྱིས་རིམ་བཞིན་སྤེལ་རྒྱུ་གཏན་ཁེལ་ཟིན་པ་རེད། དེ་ནི་རྒྱ་གཞུང་གིས་ད་བར་“ཟ་འདོད་ཀྱི་མཆེ་བ་གཙིགས། འཐུང་འདོད་ཀྱི་འགྲམ་ཆུ་ལྡང་”ནས་འབྲོག་པ་རྣམས་གྲོང་ཁྱེར་ཅན་དུ་བསྒྱུར་བ་དང་གཞུང་ལམ་དང་ལྕགས་ལམ་སོགས་གཏེར་ཁ་གར་ཡོད་དུ་གཏུགས་ནས་འཛུགས་བསྐྲུན་བྱས་པ་དག་ལས་རྒྱུ་མཚན་གསལ་པོ་ཤེས་ཐུབ།

རྩ་བའི་ཆ་ནས་གོང་དུ་བརྗོད་པ་ལྟར་རྒྱ་ནག་གིས་བོད་ཀྱི་སྣོད་བཅུད་དང་རིག་གཞུང་བཅས་པ་རྩ་མེད་དུ་བཟོ་བའི་ལས་འགུལ་སྣ་ཚོགས་རབས་དང་རིམ་པས་སྤེལ་བཞིན་ཡོད་པ་རྒྱུན་ལྡན་ཞིག་ཡིན་མོད། བསམ་ཤེས་མེད་པའི་ད་ཐེངས་ཀྱི་གཏེར་ཁ་སྔོག་འདོན་གྱི་ལས་འགུལ་འདི་རྫ་སྟོད་ཙམ་ལ་མིན་པར་བོད་ས་ཡོངས་སུ་རིམ་བཞིན་སྤེལ་འཆར་ཡོད་པའི་སྲིད་ཇུས་ཤིག་ཡིན་པས། མཐོ་སྒང་དང་འབྲེལ་བའི་ཁོར་ཡུག་དང་བདེ་འཇགས་ཐད་ཟློག་ཏུ་མེད་པའི་ཆེས་ཉེན་ཚབས་ཅན་གྱི་གནད་དོན་ཞིག་ལ་འགྱུར་གཏན་ཁེལ་ཟིན་པས། བོད་མི་ཙམ་མ་ཟད་རང་བྱུང་ཁོར་ཡུག་ལ་བརྟེན་ནས་འཚོ་མཁན་ཡིན་ནོ་ཅོག་གིས། ངེས་པར་ཁྲིམས་འགལ་གྱི་གནད་དོན་འདིར་ངོ་རྒོལ་བཀག་འགོག་མ་བྱས་ཚེ་ཕྱིས་སུ་འགྱོད་གདུང་གི་གནས་སུ་འགྱུར་ངེས།

ལྷག་པར་དུ་ས་ཁམས་རིག་པའི་ཆ་ནས་དཔྱད་ན་སྔ་མོའི་ལོ་རྒྱུས་ནང་དུའང་དེང་སང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལམ་ནང་ཆེན་ཉེར་ལྔའི་ཡུལ་འདིར་ནང་ཆེན་ནོར་བུའི་གླིང་ཞེས་གྲགས། དེའི་རྒྱུ་མཚན་དག་ཀྱང་ཡུལ་ལུང་འདི་བོད་མདོ་དབུས་ཁམས་གསུམ་གྱི་སྙིང་གི་ལྟེ་བ། ཆུ་བོ་རྨ་རྫ་འབྲི་གསུམ་སོགས་ཀྱི་འབྱུང་ཁུངས། རྐྱང་འབྲོང་དྲེད་མོང་སོགས་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་ཕ་ཡུལ། གསེར་དངུལ་ཕ་ལམ་སོགས་ཀྱི་གཏེར་མཛོད། སྨན་རྩྭ་དང་ནགས་ཚལ་གྱི་རྭ་བ། གཡའ་སྤང་རྫ་དང་གངས་རོམ་གི་གནས་གཞི། རྩྭ་ཐང་དང་རོང་ས་ཞིང་འབྲོག་གི་ཕ་ས་ཡིན་པར་མ་ཟད། བྱེ་བྲག་ཏུ་རྫ་སྟོད་འབྲོང་པ་དང་དགེ་རྒྱལ་ནི་ཡུལ་དེར་གཏོགས་པའི་ནོར་བུའི་གླིང་ངོ་མ་ཡིན་ལ། རི་བོ་མོ་བའི་གངས་བརྒྱ་ལྷ་སྲས་དང་སྟོང་དཔོན་རྡོ་རྗེ་རབ་གསལ་སོགས་ནི་གནས་རི་ཙམ་དུ་མ་ཟད། ཡུལ་དེའི་དངོས་བསམ་གྱི་དཔལ་ཡོན་སྟེར་བའི་རིན་ཆེན་འབྱུང་གནས་ལྟ་བུ་ཡིན་པས། རྒྱ་ནག་གིས་ཡུལ་མི་རྣམས་ལ་མཐོང་ཆུང་ཁྱད་གསོད་བྱས་པ་མ་ཟད་མ་འོངས་པའི་མི་རབས་ཀྱང་་རྩིས་མེད་རྡོག་རོལ་བཏང་བ་མ་ཡིན་ནམ།

དྲག་གནོན་དང་རྡུང་རྡེག་འཇིགས་སྐུལ་འོག་ནས་གཏེར་ཁ་སྔོག་འདོན་ལེགས་འགྲུབ་བྱུང་ན་རྒྱ་ནག་གི་དྲག་སྤྱོད་དང་ཧམ་ཇག་ལ་རྒྱལ་ཁ་དང། རང་བྱུང་ཁམས་ལ་དགའ་བའི་བོད་མི་ཙམ་མ་ཟད་མཐོ་སྒང་གི་ཐོན་ཁུངས་ལ་བརྟེན་མཁན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡོངས་ལ་ཕམ་ཁ་ཆེ་ཤོས་ཤིག་རེད།
སྤྱིར་ད་བར་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་ལ་བརྟེན་ནས་བོད་ཙམ་མ་ཟད། རྒྱ་དཀར་ནག་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འབྱུང་བཞིའི་གནོད་འཚེ་གང་མང་བྱུང་ཟིན་པ་གཏེར་ཁ་སྔོག་འདོན་གྱི་མཇུག་འབྲས་རྟགས་ཙམ་ཡིན་པས། ཕྱིས་སུ་ས་ཆུ་མེ་རླུང་འཁྲུག་པའི་འཇུག་འབྲས་ཇི་འདྲ་འཕྲད་མིན་ཚང་མའི་དྲི་རྟགས་ཤིག་ཏུ་འགྱུར་ཡོད།

གསལ་པོར་ཤེས་གསལ་ཞིག་ལ། རྒྱ་ནག་གིས་བོད་ནང་གཏེར་ཁ་སྔོག་འདོན་ལ་དམིགས་ཏེ་གློག་ཁང་དང་། ལམ་ཆེན། ཆུ་མཛོད།  ཁོར་ཡུག་སྲུང་སྐྱོབ། ས་ཁམས་ཞིབ་འཇུག་སོགས་ལ་མིང་གཡར་ནས་གསེར་དངུལ་སོགས་གཏེར་རྫས་དང་ནགས་ཚལ་གཅོད་འབྲེག་ཚད་ལས་འདས་པའི་ལས་དོན་སྒྲུབ་བཞིན་ཡོད་མོད། བོད་མི་ཚོའི་ཆེད་དུ་གཏེར་རྫས་རྐང་གཅིག་བེད་སྤྱོད་མི་གཏོང་བ་མ་ཟད། གཏེར་ཁ་རྩ་ཆེན་སྔོག་འདོན་ཆེད་བོད་མི་རྐང་གཅིག་འགྲོ་ཆོག་པའི་ཆོག་མཆན་མེད་ལ། གཏེར་རྫས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་དག་ལ་རྒྱ་ནག་དབུས་གཞུང་གིས་བཀའ་རྒྱ་ཡོད་པའི་དར་དམར་བསྒྲིགས་ནས་ས་ཁུལ་འབབ་ཚུགས་རེ་ནས་ཁ་ལོ་བ་རེ་བརྗེ་བ་དང། གཞུང་ལམ་ཐོག་སུས་ཀྱང་བཀག་སྒུག་མི་ཆོག་པར་ཉིན་མཚན་ལྟོས་མེད་ཀྱི་གསང་རྒྱའི་འོག་ཏུ་རྒྱ་ནག་ལ་ཐད་ཀར་དབོར་འདྲེན་བྱེད་ཀྱི་ཡོད་པས། གནས་ཚུལ་འདི་བོད་རིགས་ཚོར་གསང་བའི་གནད་དོན་གལ་ཆེན་ཞིག་ཡིན།

ཉེ་ལམ་བོད་འབྱོར་གྲོགས་པོ་ཞིག་གིས་བདག་ལ་བརྗོད་གསལ་ལྟར་ན། རྨ་ཆེན་སྤོམ་ར་དང་། མལ་གྲོ་གུང་དཀར། ཡར་འབྲོག་གཡུ་མཚོ། གཞིས་རྩེ་འབྲོང་པ་རྫོང་། གངས་རིན་པོ་ཆེ། སྒེར་རྩེ་རྫོང་། ཡུལ་ཤུལ། ཆབ་མདོ། སོགས་ནས་གསེར་དངུལ་ཟངས་དང་། ཞ་དཀར། ཚ་ལ། ལི། ཕ་ལམ་སོགས་སྔོག་འདོན་ལས་འགུལ་སྤེལ་ནས་བོད་མཐོ་སྒང་གི་ས་བཅུད་དང་ཡུལ་བཅུད་ཉམས་དམས་སུ་གཏོང་མུས་རེད་འདུག་ཅེས་བཤད་བྱུང་། དཔེར་ན་མངའ་རིས་ཁུལ་ནས་མཚོ་ཞིག་གི་ནང་ནས་ལོ་༢༠ རིང་གཏེར་བཙག་པས་སུས་ཀྱང་བཀག་མ་ཐུབ་པར་མཚོ་དེ་ད་ཆ་སྐམ་སོང་ཡོད་འདུག

ཡང་ཁམས་སོག་རྫོང་གི་ས་རལ་ཐང་ནས་གསེར་དང་ཞ་ཉེ་སྔོག་འདོན་དང་འབྲི་རུ་ལ་ཐེངས་༢ རིང་ནགས་ལྷ་འཛམ་བྷ་ནས་གཏེར་འདོན་བྱ་སྤྱོད་སྤེལ་སྐབས་མི་མང་ཚང་མས་དཔུང་བསྒྲིལ་ནས་རང་སྲོག་བློས་གཏོང་གིས་བཀག་འགོག་བྱས་པར་མང་ཚོགས་ལ་རྒྱལ་ཁ་ཐོབ་ཡོད་པས། ད་ཆ་རྫ་སྟོད་དུའང་རྫ་སྟོད་མི་མང་ཙམ་མ་ཟད། བོད་མདོ་དབུས་ཁམས་གསུམ་ཀུན་གྱིས་ཁ་སེམས་གཅིག་ཏུ་བསྒྲིལ་ནས་ངོ་རྒོལ་བྱས་ན། བདེན་པར་རྒྱལ་ཁ་ཐོབ་ངེས་ཤིང་། རྒྱལ་ཁ་དེ་ནི་ས་གནས་དེ་དང་བོད་མི་ཚོར་རྒྱལ་ཁབ་ཙམ་མ་ཟད། དྲང་བདེན་དང་རང་བྱུང་ཁམས་ལ་རྒྱལ་ཁ་ཞིག་ཡིན་པར་སེམས།

མདོར་ན།ད་སྐབས་རྒྱ་ནག་འཛམ་གླིང་ནས་དཔལ་འབྱོར་གྱི་སྟོབས་ཆེན་རྒྱལ་ཁབ་ཆགས་པ་ནི་བོད་ཀྱི་གཏེར་ཁའི་བཀའ་དྲིན་ཡིན་ཞེས་བརྗོད་ཆོག བོད་ས་ཡོངས་ནས་བཙན་འཕྲོག་བྱས་པའི་གཏེར་རྫས་རིན་ཆེན་དག་ནི་རྒྱལ་སྤྱིའི་དངུལ་ཁང་གིས་ཀྱང་གཞལ་བར་དཀའ། དེ་ཡང་དཔེ་མཚོན་ཙམ་ཞུས་ན། སྔོན་ནོར་གླིང་རྟེན་བཞེངས་ཆེན་མོ་བ་སྤེན་པ་རྡོ་རྗེ་ལགས་ཀྱིས་ཕྲན་ལ། མཛེས་རྒྱན་ལ་དགའ་བའི་བོད་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་དུ་མའི་རིང་གསོག་ཉར་བྱས་པའི་ས་སྟེང་གི་ནོར་བུ་རིན་ཆེན་གྱི་བང་མཛོད་གྲངས་ལས་འདས་པ་དེ་དག་རྒྱ་དམག་གིས་བཙན་འཛུལ་བྱས་རྗེས་ཡོངས་སུ་པེ་ཅིང་དུ་དབོར་སོང་བ་རེད་ཅེས་གསུངས་མྱོང་ཡོད། དེང་སང་ལོ་ངོ་༥༠༠ ཙམ་ཁོ་ནར་ཡིན་པའི་དངོས་རྫས་ཆུང་ཆུང་ཞིག་ལའང་ཨ་སྒོར་ས་ཡ་ཙམ་གྱི་རིན་ཐང་ལྡན་པས། རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་གྱི་སྟོབས་ཆེན་རྒྱལ་ཁབ་ཆགས་པའི་རྒྱུ་མཚན་དེ་ལ་ཐུག་ཡོད་སྙམ། དེ་བཞིན་ཞིབ་ཏུ་དཔྱད་ན། དེང་སང་བོད་ནས་རྒྱ་ནག་བར་གཞུང་ལམ་དང་ལྕགས་ལམ་རྒྱ་ཆེན་པོ་བསྐྲུན་ནས་རིན་ཆེན་གྱི་གཏེར་མཛོད་ལྟ་བུའི་བོད་ཀྱི་མཐོ་སྒང་འདི་ནས་རིན་ཐང་བྲལ་བའི་གཏེར་རྫས་རྣམས་རིམ་བཞིན་རླངས་འཁོར་དང་མེ་འཁོར་བརྒྱུད་ནས་ཤུགས་དྲག་ཆེན་པོས་དབོར་འདྲེན་བྱེད་རྒྱུ་ཡིན་པས། རྒྱ་གཞུང་འདི་མ་འོངས་པར་ངོ་ལོ་བརྒྱ་ཐམ་པར་ངལ་རྩོལ་མེད་པར་ལྷོད་ལྷོད་ངང་བསྡད་ཀྱང་དཔལ་འབྱོར་སྟོབས་ཤུགས་ཉམས་མི་སྲིད།

གང་ལྟར་ཡང་གལ་ཏེ་བོད་མཐོ་སྒང་འདིར་སྔོན་ལྟར་གཏེར་ཁ་སྔོག་འདོན་མུ་མཐུད་བྱས་ཚེ། རང་བྱུང་ཁམས་ཀྱི་འབྱུང་བཞི་འཁྲུགས་པའི་མཇུག་འབྲས་སུ་ནད་ཡམས་དང་། ཆུ་ལོག ཐན་པ། ས་རུད། ས་ཡོམ་སོགས་ཡོང་བ་དང་། དེ་བཞིན་མཚོ་ཆུ་སྐམ་པ། ས་བཅུད་ཉམས་པ།འཁྱག་རོམ་ཞུ་བ། འདམ་རྭ་འཇུམས་པ། གནམ་གཤིས་ཉམས་སྐྱོན།ས་བབས་བྱེ་ཐང་དང་ས་རྒོད་དུ་འགྱུར་བ།
རི་སྐྱེས་སྲོག་ཆགས་བྲོས་བྱོལ་དུ་འགྲོ་བ། ཁོར་ཡུག་ཕན་མེད་ཆགས་པ། ཆུ་མིག་སྐམ་པ། རྩི་ཤིང་མི་སྐྱེ་བ་སོགས་ཀྱི་གནོད་པ་ཡོང་ཉེན་ངེས་པས། རྒྱ་ནག་གི་བོད་ཀྱི་ཕན་བདེ་དང་ཡར་རྒྱས་སོགས་ལ་རྩ་བ་ནས་བསམ་བློ་མེད་པའི་རྟགས་ཟངས་དམར་ཐོན་པ་མ་ཡིན་ནམ།

དེ་ལྟར་བོད་ས་ཡོངས་ཀྱི་ས་ཆུ་དང་མཁའ་རླུང་སོགས་ཁོར་ཡུག་དང་གནམ་གཤིས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་འབྱུང་ངེས་ཤིང་། དེ་ལ་བརྟེན་ནས་འབྱུང་བཞིའི་གནོད་འཚེ་སྣ་ཚོགས་ཡོང་རྒྱུ་གཏན་ཁེལ་བ་རེད། དེས་བོད་མི་ཙམ་ལ་མ་ཟད་འཛམ་གླིང་ཡོངས་ཀྱི་མི་མང་ལ་གྱོང་གུད་ཧ་ཅང་ཚབས་ཆེན་ཐེབས་པར་གདོན་མི་ཟའོ།།

Share this:
༧༢ ཀློག་གྲངས།