ལས་ཀ་ཆུང་ས་ནས་བྱ་དགོས།

2013_8_22

དེ་རིང་ཞོགས་པར་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་གོ་སྒྲིག་འོག་བཙན་བྱོལ་ནང་གི་བུད་མེད་ཁག་ཅིག་ལ། བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཕྱོགས་དང་སྤྱི་ཚོགས་ནང་གི་རྩོད་རྙོག་སེལ་ཐབས་བཅས་ཀྱི་སྐོར་ལ་ཉིན་བཞིའི་རིང་གི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༢ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ པའི་སྟེང་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་གོ་སྒྲིག ནོར་བུ་གླིང་ཀའི་ཉེ་འཁྲིས་ཀྱི་ཁ་ནི་ཡ་ར་ཞེས་པའི་ས་ཆ་དེར་ཡོད་པའི་(Hotel Imperial Heights resort )ཞེས་པའི་རྒྱ་གར་གྱི་གསོལ་མགྲོན་ཁང་དེར། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་སྣང་ས་ཆོས་སྒྲོན་གྱིས་དབུས། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་དང་། དྲུང་ཆེ། དེ་བཞིན་ཐེངས་འདིའི་ཟབ་སྦྱོང་ཐོག་བཅར་བའི་བུད་མེད་༡༧ ཙམ་མཉམ་འཛོམས་ཀྱིས། སྤྱིར་བོད་ཀྱི་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཕྱོགས་དང་། དེ་བཞིན་སྤྱི་ཚོགས་ནང་གི་རྩོད་རྙོག་སེལ་ཐབས་བཅས་ཀྱི་སྐོར་ལ་ཉིན་བཞིའི་རིང་གི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་སོང་།

2013_8_22_3ཟབ་སྦྱོང་དབུ་འཛུགས་ཀྱི་ཐོག་མར་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་དྲུང་ཆེ་བསོད་ནམས་ལགས་ཀྱིས། ཟབ་སྦྱོང་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་སྐབས་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གིས་རྒྱ་གར་དང་བོད་མིའི་སྤྱི་ཚོགས་ནང་ཟབ་སྦྱོང་འདྲ་མིན་མང་པོ་ཞིག་གོ་སྒྲིག་བྱེད་སྐབས། ཚོགས་མི་མང་པོ་ཞིག་གིས་བུད་མེད་གཅིག་པུར་ཟབ་སྦྱོང་ཞིག་གོ་སྒྲིག་བྱེད་ཐུབ་ན་ཡག་པོ་འདུག་ཅེས་བསམ་ཚུལ་བྱུང་ཡོད་པ་དང་། དེ་བཞིན་འགྲོ་བ་མི་ཚང་མར་ནུས་པ་རེ་ཡོད་པ་ལྟར་བུད་མེད་ཚོར་ཡང་ནུས་པ་ཡོད་པས། ནུས་པ་གང་ཡོད་པ་དེ་སྤྱི་ཚོགས་ནང་སྟོན་ཐུབ་པ་སོགས་ཀྱི་ཆེད་དུ་དམིགས་ཏེ་ཟབ་སྦྱོང་འདི་གོ་སྒྲིག་བྱས་པ་ཡིན་སྐོར་སོགས་གསུངས་སོང་།

དེ་རྗེས་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་ཀརྨ་ལགས་ཀྱིས། རྩོད་རྙོག་འདུམ་སྒྲིག་ཁང་གིས་འདས་པའི་ལོ་༡༢ ལྷག་གི་རིང་རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གི་ནང་། སྤྱི་ཚོགས་ནང་གི་རྩོད་རྙོག་འདུམ་སྒྲིག་བྱེད་ཕྱོགས་དང་། གཞོན་སྐྱེས་ཚོའི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་ལ་ཟབ་སྦྱོང་༢༥༠ གོ་སྒྲིག་བྱས་ཡོད་པ་དེ་དག་གློག་བརྙན་བརྒྱུད་གཟིགས་འབུལ་གྱིས་ངོ་སྤྲོད་དང་། དེ་བཞིན་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་དེ་ཐོག་མར་གཞུང་འབྲེལ་གྱི་ངོ་བོའི་ཐོག་ནས་བཙུགས་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་རྒྱ་གར་གཞུང་ལ་དེབ་སྐྱེལ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གི་ངོ་བོར་ཆགས་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།

མཐར་ཐེངས་འདིའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་སྣང་ས་ཆོས་སྒྲོན་གྱིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་སྐབས། བུད་མེད་ཚོས་སོ་སོ་ནང་གི་ཨ་མ་ཡིན་བསམ་ནས་ཕྱི་ཕྱོགས་ཀྱི་ལས་དོན་གཞན་པའི་ཐོག་ལྷོད་གཡེང་བྱས་ན་འགྲིག་གི་མེད་པ་དང་། བུད་མེད་ཚོ་སྤྱི་ཚོགས་ནང་ལངས་རྒྱུའི་ཆེད་དང་པོ་ནས་སོ་སོས་སློབ་སྦྱོང་ཡག་པོ་བྱེད་དགོས་པར་རག་ལས་ཡོད་པར་བརྟེན། ཚང་མས་རང་རང་ལ་ཡིད་ཆེས་དང་སྤོབས་པ་ཡོད་པའི་ཐོག་ནས་སོ་སོའི་རྣམ་དཔྱོད་ཡར་རྒྱས་གཏོང་དགོས་པ་གལ་ཆེན་པོ་ཡིན་སྐོར། དེ་བཞིན་ཚང་མས་ལས་ཀ་ཆེན་པོ་རྐྱང་རྐྱང་ལ་བལྟས་མ་བསྡད་པར་ལས་ཀ་ཆུང་ས་ནས་བྱས་ཏེ་སོང་ན་གོ་ས་མཐོན་པོ་རག་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

ཁོང་གིས་མུ་མཐུད་དུ་འགྲོ་བ་མི་སུ་འདྲ་ཞིག་ཡིན་རུང་སྤྱི་ཚོགས་ནང་འགན་ཁུར་ཏེ་ལས་ཀ་མ་བྱེད་ན་དབང་ཆ་ཡོང་རྒྱུ་མེད་པར་བརྟེན། སོ་སོས་སྤྱི་ཚོགས་ནང་འགན་ཁུར་ཏེ་ལས་ཀ་བྱས་པ་ཡིན་ན་དབང་ཆ་ཡོང་རྒྱུ་ཡིན་སྐོར། དེ་བཞིན་བུད་མེད་སུ་འདྲ་ཞིག་ཡིན་རུང་ཆུང་ས་ནས་སོ་སོའི་ཕྲུ་གུ་གསོ་སྐྱོང་བྱེད་པས་མཚོན་ནུས་པ་གཞན་དང་མི་འདྲ་བ་ཡོད་སྐོར་བརྗོད་དེ་བོད་ཀྱི་བུད་མེད་ཚོར་ནུས་པ་གཞན་དང་མི་འདྲ་བ་ཡོད་པ་དེ་དག སེམས་ཤུགས་དང་སྤོབས་པ་ཆེན་པོའི་ཐོག་ནས་སྤྱི་ཚོགས་ནང་བེད་སྤྱོད་གཏོང་ཐུབ་པ་བྱ་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།

ཐེངས་འདིའི་ཟབ་སྦྱོང་ཐོག བོད་མིའི་གཞིས་ཆགས་བདེ་སྐྱིད་གླིང་དང་། ཀལ་མེན་ཊོན། ར་ཇུ་པུར། ཚེ་རིང་དོན་ལྡན། དྷ་ས་བཅས་ཀྱི་བུད་མེད་༡༧ མཉམ་ཞུགས་བྱས་འདུག

Share this:
༥༡ ཀློག་གྲངས།