ཤག་རོང་པོ་དགོན་པར་ད་དུང་དམ་དྲག་བྱེད་ཀྱི་ཡོད་འདུག

ཁམས་ནག་ཆུ་ས་ཁུལ། ཤག་རོང་པོ་དགོན་པ་སྒོ་བརྒྱབ་པ་སྒོ་བརྒྱབ་ནས་ཉིན་༢༡ ཙམ་འགྲོ་ཡོད་པ་དང་། ད་ལྟ་གྲྭ་པ་ཚོ་རྒྱ་ནག་གཞུང་གིས་དགོན་པར་འབོད་འགུག་བྱས་ཡོད་འདུག་ཀྱང་། དགོན་པ་ད་དུང་སྒོ་ཕྱེ་མེད་པའི་གནས་ཚུལ་འདུག

དེ་ཡང་ཟླ་འདིའི་ཚེས་༢༢ ཉིན་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། དེ་སྔོན་ཤག་རོང་པོ་དགོན་པ་སྒོ་བརྒྱབ་ནས་ཉིན་གྲངས་༢༡ ཕྱིན་ཡོད་པའི་ཐོག  དེ་སྔོན་སྲིད་གཞུང་ནས་དགོན་པ་དང་བླ་མའི་སྐོར་ཉིན་ཤས་རྗེས་ཐག་ཆོད་རྒྱུ་དང་དགོན་པ་བསྐྱར་དུ་སྒོ་ཕྱེ་ནས་ཆོས་ལུགས་བྱེད་སྒོ་སྤེལ་དགོས་པར་བརྗོད་ནས།  དོན་ཚན་བཞི་ཡོད་པའི་ཡིག་ཆ་ཞིག་སྤྲད་པའི་ནང་དུ། བླ་མ་ཟླ་བ་སྔར་རྒྱུན་ལྟར་དགོན་པ་ཕེབས་ཆོག་པའི་མ་ཟད། ཆབ་སྲིད་ཉེས་མིང་འོག་ཁྲིམས་ཐག་ཅད་བཅད་ཡོད་པ་དེ་ཉེས་པ་ཆག་ཡང་གཏོང་རྒྱུ་ཡིན་སྐོར་དང་། དེ་སྔོན་བཙོན་གྲོལ་ཐོབ་པའི་གྲྭ་པ་རྣམས་བསྐྱར་དུ་དགོན་པར་སྒྲིག་ཞུགས་ཆོག་པ།   གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེ་དག་སྲིད་གཞུང་དང་འབྲེལ་བ་རྩ་བ་ནས་མེད་པས་མ་ཚད། དེ་ནི་ཚོང་པ་ཧམ་ཆེན་དང་སྲིད་གཞུང་གི་ལས་བྱེད་ལྐོག་ཟ་རུལ་སུངས་ཅན་འགའ་ཞིག་གིས་བྱས་པ་ཡིན་ཚུལ་བརྗོད་ནས་འབྱུང་འགྱུར་དེ་འདྲའི་རིགས་ལ་སྲིད་གཞུང་ནས་མཐའ་གཅིག་ཏུ་འགོག་རྒྱུ་ཡིན་པའི་མ་ཚད། མང་ཚོགས་ཀྱི་རྒྱབ་ཏུ་ལངས་རྒྱུ་ཡིན་བསྐོར་བརྗོད་ཡོད་འདུག མ་འོངས་པར་རིམ་པས་རོང་པོ་ཆོས་རྗེའི་ཡང་སྲིད་སྐོར་ལ་གོ་བསྡུར་བྱེད་རྒྱུ་ཡོད་ལུགས་བཅས་འཁོད་པའི་དོན་ཚན་བཞི་ཅན་གྱི་ཡིག་ཆ་ཞིག་ཡིན་འདུག

ད་དུང་ཁོང་ཚོས་བརྗོད་དོན་ལ་དེ་སྔོན་བཅའ་སྡོད་རུ་ཁག་དང་ལག་འཛིང་ཤོར་མཁན་ཚོར་རྩད་གཅོད་མི་བྱེེད་རྒྱུ་ཡིན་སྐོར་བརྗོད་འདུག     གཏེར་ཁ་སྔོག་འདོན་གྱི་བརྗོད་གཞི་དེ་ནི་སྔ་ལོར་བྱིས་ནགས་འཁོར་གསུམ་ཞེས་ཡུལ་དེར་སྐད་གྲགས་ཆེ་བའི་ཡུལ་ལྷ་གསུམ་གྱི་ནང་ཚན་བྱིས་རོའི་ཆོས་ལུང་ཞེས་རྡོ་རྗེ་ཕག་མོའི་གནས་རིར་གྲགས་པ་ཆོས་རྗེ་སྐུ་ཕྲེང་རིམ་བྱོན་གྱི་བྱིན་གྱིས་རླབས་པའི་གནས་ནགས་ཤོད་རོང་སྐོར་ཞེས་ལོ་བཅུ་གཉིས་རེར་ཐེངས་རེར་འགྲོ་སྲོལ་ཡོད་པའི་གནས་ཆེན་ཡོངས་ཀྱི་གོ་སྔ་གནའ་བོའི་སྒྲུབ་ཕུག་དང་ཕྱག་རྗེས་ཞབས་རྗེས་གཏེར་ཆུ་དང་རྡོ་རིགས་འདྲ་མིན། གཞན་ཡང་ཙ་རི་གནས་སྒོ་བྱེ་བའི་སྐབས་སུ་མྱུག་མ་དང་ངོ་མཚར་ཆེ་བའི་རྩི་ཤིང་སྣ་ཚོགས་པ་སྐྱེ་བའི་གནས་མཆོག་དེར་ལོ་སྔོན་མར་རྫོང་དང་གཏེར་ཁ་ལས་ཁུངས་མཉམ་སྒྲིལ་གྱིས་གཏེར་ཁ་སྔོག་འདོན་བྱེད་རྩིས་བྱས་ཡོད་ཀྱང་། སྡེ་དགོན་མཉམ་རུབ་ཀྱི་རྡོག་རྩ་གཅིག་ཏུ་བསྒྲིལ་ངང་ནས་མཛུབ་ཐེལ་སྟོང་ཕྲག་མང་པོ་བསྡུས་ཏེ། རྫོང་དང་། ས་གནས་ལྗོངས་རིམ་པ་བཅས་ལ་ཞུ་གཏུག་དང་། བློ་གཏོང་ཆེན་པོའི་ངང་ནས། ངོ་རྒོལ་མཐའ་གཅིག་ཏུ་བྱས་འབྲས་སུ་གཏེར་ཁ་སྔོག་འདོན་ལས་གཞི་དེ་བཀག་ཐུབ་ཡོད་པའི་མ་ཚད། ལྗོངས་རིམ་པའི་དངོས་མེད་རིག་གནས་ཤུལ་བཞག་ཅེས་གཞུང་གིས་སྲུང་སྐྱོབ་ཅན་གྱི་ས་ཁུལ་ཡིན་པའི་ཡིག་ཆའི་ནང་དུ་བཀོད་ཡོད་འདུག

ད་ལྟའི་ཆར་དགོན་པ་སྒོ་ཕྱེས་མེད་པ་དང་བཅའ་སྡོད་རུ་ཁག་དང་ལག་འཛིང་ཤོར་མཁན་ཚོར་ཉེས་པ་འགེལ་རྩིས་བྱེད་བཞིན་འདུག་པས། གོང་གི་དོན་ཚན་བཞི་ཡོད་པའི་ཡིག་ཆ་དེ་ནི་མང་ཚོགས་རྣམས་ཕྱིར་ལོག་བྱེད་ཆེད་དང་། གྲྭ་པ་རྣམས་དགོན་པར་ཡོང་ཐབས་བཟོ་རྒྱུའི་་ཆེད་དུ་ཆབ་སྲིད་ཀྱི་གཡོ་རྒྱུ་ཁོ་ན་ཡིན་པ་དང་།  དེ་སྔོན་ནག་ཆུའི་ཆར་ཅན་རྟ་རྒྱུགས་ཞེས་ལོ་ལྟར་དབྱར་སྐྱིད་དུས་སྟོན་ཆེན་མོ་ཟླ་བ་༨ ཚེས་༡༠ ལ་ཚོགས་སྲོལ་ཡོད་པ་ལྟར་འདི་ལོ་ཡང་དེ་མཚུངས་སུ་གྲ་སྒྲིག་གིས་གུར་ཕུབ་ས་མི་མང་ལག་ནས་ས་གླ་བླངས་ནས་ཉིན་མང་པོར་སྤྲོ་སྐྱིད་གཏོང་རྩིས་ཡོད་སྐོར་བརྗོད་ཡོད་ཀྱང་། རྗེས་སུ་བསྐྱར་དུ་འགྱུར་བ་བཏང་ནས་གུར་ཕུབ་སའི་ས་གླ་རྣམས་ཕྱིར་སློག་སྐབས་མི་མང་ལ་སུན་གཙེར་གང་མཚམས་བཟོས་པ་དང།   རྟ་རྒྱུག་ཉིན་གཉིས་ཉུང་འཕྲི་བྱས་པ་ནི་རོང་པོ་དགོན་སྡེ་གཉིས་ལ་དམག་མི་དང་ལས་བྱེད་མི་སྣ་མང་པོར་གཏོང་དགོས་པས་རོང་པོ་དགོན་སྡེ་གཉིས་ལ་གནོན་ཤུགས་སྤྲོད་རྒྱུའི་འཆར་གཞི་ཞིག་ཡིན་པ་རེད། ད་ལྟའི་ཆར་ལ་སྔར་ལྷག་ དམ་དྲག་ཤུགས་ཆེ་རུ་གཏང་སྟེ། དགོན་པ་དང་སྡེ་ཡི་བར་དང་། གྲོང་པ་དང་གྲོང་པའི་བར་ལ་མི་མང་རྣམས་གང་བྱུང་གིས་འགྲོ་བསྐྱོད་མི་ཆོག་པ་དང་། གལ་སྲིད་འགྲོ་ན་དེ་ལ་འདྲི་རྩད་དང་། སྔོག་བཤེར་བྱེད་ཅིང་། ཧ་ཅང་གི་སུན་གཙེར་བཟོ་བཞིན་ཡོད་འདུག དེ་ནི་དགོན་སྡེ་གཉིས་ཀྱི་མ་གྲོས་བསམ་པ་གཅིག་མཐུན་གྱི་ཆིག་སྒྲིལ་དེ་ནུས་མེད་གཏོང་ཐབས་དང་མི་མང་རྣམས་ཀྱི་བསམ་ཚུལ་ཕན་ཚུན་མི་ཤེས་པའི་ཆེད་དུ་དང་དྲག་གནོན་བྱེད་སླ་བའི་འཆར་གཞི་ཞིག་ཡིན་འདུག

སྲིད་གཞུང་གི་མི་སྣས་དགོན་པ་དང་གྲོང་སྡེ་སོ་སོ་ལ་ཚོགས་འདུ་ཡང་ནས་ཡང་དུ་བསྐོང་ནས་དེ་སྔོན་བཅའ་སྡོད་རུ་ཁག་དང་ལག་འཛིང་ཤོར་བའི་མི་དེ་དག་མགྱོགས་པོར་རྩིས་སྤྲོད་དགོས་སྐོར་བརྗོད་བཞིན་མི་མང་རྣམས་ལ་སྡིག་ར་སྐུལ་བཞིན་ཡོད་འདུག ད་ཆར་དགོན་པ་སྒོ་བརྒྱབ་ནས་ཉིན་གྲངས་༢༡ ཕྱིན་པའི་སྐབས་འདི་ལ་གྲྭ་པ་རྣམས་དགོན་པར་འབྱོར་ཡོད་རུང་ཚོགས་ཆོས་ཀྱི་གོ་སྐབས་མེད་པ་མ་ཟད། དགོན་པ་སྔར་བཞིན་སྒོ་བརྒྱབ་ཐོོག་གྲྭ་པ་རྣམས་ཚོགས་འདུ་ཁོ་ནར་བསྐོང་ནས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པའི་ཁར་༧རོང་པོ་ཆོས་རྗེའི་ཡང་སྲིད་འཚོལ་དགོས་པ་དང་དེེ་ཡང་།  སྲིད་གཞུང་ནས་ཐག་གཅོད་བྱེད་རྒྱུ་ལས་དེ་སྔོན་བླ་མ་ཟླ་བས་ངོས་འཛིན་ཡོད་པའི་ཕྲུ་གུ་དེ་ནི་༧རོང་པོ་ཆོས་རྗེ་སྐུ་ཕྲེང་བརྒྱད་པའི་ཞལ་ཆེམས་དང་བོད་དུ་བཞུགས་པའི་ཚད་ལྡན་གྱི་བླ་མ་འགའ་ཞིག་གི་གསུང་དང་ཕྲུ་གུ་རང་ཉིད་སྐུ་འཁྲུངས་དུས་ཀྱི་རྟགས་དང་མཚན་མ་གང་ལ་བརྟག་ནའང་འཁྲུལ་མེད་དུ་ངོས་འཛིན་བྱེད་འོས་པ་ཞིག་ཡོད་ནའང་དེ་ནི་ཆབ་སྲིད་ཀྱི་ཉེས་མིང་གཡོག་ནས་རྩ་བ་ནས། ༧ཆོས་རྗེའི་ཡང་སྲིད་དུ་ངོས་འཛིན་མི་ཆོག་པར་བརྗོད་བཞིན་ཡོད་འདུག    མི་མང་རྣམས་ཀྱིས་བརྗོད་དོན་ལ་༧རོང་པོ་ཆོས་རྗེ་ནི་མང་ཚོགས་ཡོངས་ཀྱི་དད་ཡུལ་གྱི་བླ་མ་རྩ་ཆེན་ཞིག་ཡིན་སྟབས། དེའི་ཡང་སྲིད་ནི་གནོན་ཤུགས་ཀྱི་འོག་ཏུ་ཐད་ཀར་སྤྲད་པའི་ཕྲུ་གུ་ཞིག་ངོས་ལེན་མི་ཐུབ་སྐོར་བརྗོད་ནས་ཁས་ལེན་རྩ་བ་ནས་མེད་སྐོར་བརྗོད་བཞིན་ཡོད་འདུག།

Share this:
༡༢༤ ཀློག་གྲངས།