བཅའ་ཁྲིམས་དང་མི་རིགས་ཀྱི་སྲོག་རྩ་ལ་སྣང་ཆུང་བྱེད་ཕོད་དམ།


གཞི་རིམ་སློབ་ཚན་དབྱིན་ཇིའི་སྐད་ཡིག་ཐོག་ནས་འཁྲིད་དགོས་པའི་བཀའ་རྒྱ་ལས་འཕྲོས་པའི་དྲན་ཚོར།

 

ཤེས་རིག་ལས་ཁུངས་ཀྱིས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ཏེ།  གཞི་རིམ་སློབ་གྲྭར་བོད་ཡིག་ཐོག་ནས་སློབ་འཁྲིད་བྱེད་མཚམས་བཞག་སྟེ་དབྱིན་ཡིག་ཐོག་སློབ་འཁྲིད་དགོས་པའི་བཀའ་རྒྱ་འབྱོར་བའི་ཉིན་མོ་དེར་ང་རང་བཤད་མི་ཤེས་པས་སྡུག་བསྔལ་ཞིག་གིས་མནར།  རྒྱུ་མཚན་ནི་བཀའ་རྒྱ་དེ་བཙན་བྱོལ་མིའི་བོད་ཀྱི་རིག་གཞུང་གི་འཕེལ་རྒྱས་ལ་སྒོ་ལྕགས་རྒྱག་བྱེད་ཀྱི་བཀའ་རྒྱ་ཞིག་རེད་ལ།  འཛིན་གྲྭ་བརྒྱད་པའི་བར་དུ་བོད་བསྒྱུར་ཟིན་པའི་སློབ་ཚན་དེ་དག་གི་འགྲོ་གྲོན་དང་ངལ་བ་ཆུད་ཟོས་སུ་བཏང་བ་དང་། བོད་རང་གི་སྐད་ཡིག་དང་། དེའི་བརྗོད་བྱ་ཐུན་མོང་མིན་པའི་རིག་གཞུང་། དེས་བསྐྱེད་པའི་ཡུལ་གྱི་གོམས་པའི་གཤིས་ལུགས་སོགས་བོད་ཀྱི་མ་འོངས་པའི་སོན་རྩ་དག་གི་སྙིང་དང་རུས་པའི་གཏིང་ནས་ཡལ་བར་སྐུལ་བའི་བཀའ་རྒྱ་ཞིག་རེད།

 

རྒྱུ་མཚན་ནི། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་དང་། རང་གི་སྐད་ཡིག་དང་རང་གི་རིག་གཞུང་མི་ཤེས་པའི་མི་བུ་དེ་དག་ནི་དོན་གྱིས་མི་རིགས་དེའི་མི་བུ་ཡང་དག་པ་ཞིག་མིན་པས་ཡིན། དཔེ་མཚོན་གསལ་ཤོས་ཤིག་ནི་སྐད་ཡིག་གཞན་གྱི་ཐོག་ནས་སློབ་སྦྱོང་བྱས་ཏེ་འོང་བའི་བོད་ཕྲུག་དེ་ཚོར་བོད་ཡིག་གི་ཤེས་ཚད་ཞན་པ་དང་། བོད་རང་གི་གཤིས་སྤྱོད་རྣལ་མ་ཅན་ཧ་ཅང་ཉུང་ཉུང་ཡིན་པ་ང་ཚོས་མཐོང་གསལ་ཡིན་པ་འདི་རེད།  རྒྱུ་མཚན་འདི་ལ་བརྟེན་ནས་ཉེ་ཆར་རང་༸གོང་ས་མཆོག་གིས། “དེང་དུས་ཀྱི་ཤེས་ཡོན་ཡོད་ཀྱང་བོད་མིའི་ཤེས་ཡོན་དང་བོད་པའི་སྐད་ཡིག་མ་ཤེས་ན་བོད་པ་ཕྱེད་ཀ་ཞིག་རེད།”ཅེས་གསུངས་ཡོད།  ནམ་རྒྱུན་མཁས་པ་དང་། དཔོན་པོ། གནད་ཡོད་མི་སྣ། ལྷག་པར་དུ་ཆབ་སྲིད་ཀྱི་སྲིད་སྟེགས་འགྲན་རྩོད་ཀྱི་སྐབས་ཀྱི་གཏམ་བཤད་དག་ལས་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་རབས་དང་། བོད་ནང་གི་བོད་མི་ཚོ་དང་ཁོང་ཚོའི་མངོན་འདོད་ནི་མི་མང་གི་བཀའ་ལུང་ཉག་གཅིག་ཡིན་པས་ངེས་པར་དུ་བསྒྲུབ་དགོས་རབས། རིག་གཞུང་སྲུང་སྐྱོབ་དང་། མི་རིགས་སྲུང་སྐྱོབ་སོགས་དགོས་རབས་དང་། དེ་དག་བྱེད་ཀྱི་ཡིན་རབས་སོགས་དབྱངས་སྙན་སྙན་དང་ངག་འཇམ་འཇམ་གྱིས་བཞུར་འོང་ལ། གང་བཤད་པ་དེ་ནི་རྒྱུ་མཚན་ལྡན་པ་དང་། གནས་ལུགས་ཡོད་པ་ཞིག་ཀྱང་ཅི་ལ་མིན།
 

འོན་ཀྱང་དོན་དངོས་ལག་ལེན་གྱི་ཚད་ཐིག་ནས་ལྟ་སྐབས་ཁོང་ཅག་གིས་བོད་མི་རིགས་ཀྱི་བླ་སྲོག་དང་།  བོད་ནང་གི་བོད་མི་ཚོས་རང་སྲོག་ཡན་ཆད་བློས་གཏོང་གིས་སྲུང་སྐྱོབ་དང་། སྲུང་སྐྱོབ་ཀྱི་འབོད་སྐུལ་ཞུ་བཞིན་པའི་བོད་ཡིག་དང་བོད་སྐད་ལ་བདག་གཅེས་དེ་ཙམ་བྱེད་ཀྱི་མེད་པ་མ་ཟད། ད་དུང་སྣང་མེད་དང་། སྐད་ཡིག་གཞན་གྱི་བཀོལ་སྤྱོད་ཇེ་མང་དུ་གཏོང་བ། ཐ་ན་བཀའ་ཤག་སྔོན་མས་ལོ་མང་རིང་སྐུ་ལས་སྐྱོན་པའི་འབྲས་བུ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོ་རྒྱབ་སྐྱོར་ཐོབ་ཅིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན།  ཤེས་རིག་ཚོགས་ཆེན་ཐེངས་བཞི་བའི་གྲོས་ཆོད་ཀྱི་འབྲུ་དོན་སོགས་ལས་བརྒལ་ནས་ཤེས་རིག་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་འཛིན་རིམ་དྲུག་པ་ནས་བརྒྱད་པའི་བར་དུ་སློབ་ཚན་བོད་ཡིག་ཐོག་ནས་འཁྲིད་མཚམས་བཞག་སྟེ་དབྱིན་ཡིག་ཐོག་ནས་འཁྲིད་དགོས་པའི་བཀའ་རྒྱ་བཏང་བ་ནི་རང་གི་ཐོག་མའི་ཁས་ལེན་དང་།  བོད་མིའི་མངོན་འདོད།  གཞིས་བཞུགས་བོད་མི་མང་གི་བཀའ་ལུང་བརྩིས་མེད་བཏང་བ་ཙམ་མ་ཟད་༸གོང་ས་མཆོག་དང་།  ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གོང་མ་སོགས་ཀྱི་སློབ་སྟོན་དང་། ཡང་དག་པའི་དགོངས་དོན་ལའང་བརྩིས་མེད་བཏང་བ་ཞིག་རེད།  

 

དེའི་རྒྱུ་མཚན་རིམ་བཞིན་བཤད་ན། ཤེས་རིག་ཁྱབ་ཁོངས་ཀྱི་གཞི་རིམ་སློབ་གྲྭ་ཁག་གིས་བོད་ཡིག་ཐོག་ནས་འཛིན་གྲྭ་བརྒྱད་པ་བར་དུ་སློབ་འཁྲིད་དགོས་པ་ནི་བོད་ཕྲུག་དག་མ་ཞིག་དང་། བོད་མི་རིགས་ཀྱི་ལེགས་བྱང་གི་དྲི་མ་མ་ཡལ་བའི་མ་འོངས་བོད་ཀྱི་སོན་རྩ་དངོས་གནས་ཞིག་བསྐྱེད་སྲིང་བྱེད་པའི་གཞི་རིམ་གྱི་རྨང་གཞི་ཉག་གཅིག་ཡིན་ལ། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ཡང་ཡིན་ཏེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བདུན་པ་ཤེས་ཡོན་དང་རིག་གཞུང་ཞེས་པའི་ནང་གསེས་དོན་ཚན་བརྒྱད་པར་“གཞི་འབྲིང་མཐོ་གསུམ་གྱི་གཞུང་སྒེར་གྱི་གཏན་སློབ་དང་། ཉིན་མོའི་སློབ་གྲྭ་ཁག་ཡར་རྒྱས་གཏོང་ཐབས་དང་། སློབ་ཚན་རྣམས་རིམ་བཞིན་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་འཁྲིད་ཐུབ་ཐབས་བྱ་རྒྱུ”ཞེས་གསལ་ཡོད།

 

དེར་མ་ཟད་ཤེས་རིག་ཚོགས་ཆེན་ཐེངས་བཞི་བའི་གྲོད་ཆོད་དུ་“ཤེས་ཡོན་ཡར་རྒྱས་འབྱུང་སླད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བདུན་པའི་འབྲུ་དོན་ཡོངས་རྫོགས་ངེས་པར་ལག་བསྟར་འཁེལ་ཐབས་གནང་རྒྱུ།”ཞེས་གསལ་ཡོད།  བོད་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་མཐའ་མའི་སྙན་ཐོ་ཕྱོགས་བསྡོམས་དུ། “བོད་ཀྱི་རིག་གཞུང་གི་སྲོག་རྩ་སྐད་ཡིག་ལ་ཐུག་ཡོད་པར་བརྟེན།  བོད་ཀྱི་ཐུན་མིན་ངོ་བོ་གཅེས་འཛིན་དང་། བོད་མིའི་ནུས་སྟོབས་གོང་འཕེལ་སླད། སྤྱི་ལོ་༢༠༠༤ ལོའི་ཟླ་༧ ཚེས་༢༧ ལ་གཏན་འབེབས་གནང་བའི་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་དེ་ཉིད།  བོད་ཁྱིམ་སློབ་གྲྭ་སོགས་བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་ལ་ངེས་པར་དུ་གཅིག་གྱུར་ལག་བསྟར་དགོས། སྤྱི་མོས།“་ཞེས་གསལ་ཡོད།  

 

འདི་དག་ནི་བཙན་བྱོལ་བོད་མིའི་ཤེས་ཡོན་དང་སྲིད་ཇུས་འཛིན་ཕྱོགས་ཀྱི་གཞི་འཛིན་ས་ཡིན་ལ་དུས་དང་རྣམ་པ་ཀུན་དུ་མང་ཚོགས་ལ་བསྒྲག་རྒྱུའི་གཞི་འཛིན་དང་རྒྱབ་རྟེན་དངོས་མ་དེའང་ཡིན། ད་དུང་བོད་ཀྱི་དོན་གྱི་བདག་པོ་གཞིས་བཞུགས་རྒྱ་ཆེའི་མི་མང་གིས་ཀྱང་བོད་ཡིག་རང་གི་ཐོག་ནས་སློབ་ཚན་ཁྲིད་དགོས་པ་དང་། རྒྱ་ཡིག་དང་རྒྱ་སྐད་ཐོག་ནས་སློབ་འཁྲིད་མཚམས་འཇོག་དགོས་པའི་ངོ་རྒོལ་སྐད་འབོད་དང་རེ་ཞུ་ལུ་གུ་བརྒྱུད་དུ་ཕུལ་ཡོད་པ་སྟེ་“སྤྱི་ལོ་༢༠༡༠ ལོ་ནས་བཟུང་བོད་སྐད་ཡིག་ཟུར་ཁྲིད་ཙམ་ལས་མེད་པའི་སྲིད་བྱུས་དྲིལ་སྒྲོག་བྱས་རྐྱེན་༢༠༡༠ ལོའི་ཟླ་༡༠ ཚེས་ ༢༠ ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་རིམ་སློབ་འབྲིང་དང་པོ་དང་། ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་༼འཕྲོད་བསྟེན་སློབ་གྲྭ་༽གཉིས་ཀྱི་ཁྱོན་སློབ་མ་ ༢༠༠༠ ལྷག་གིས་གཙོ་བོ“བོད་ཡིག་དགོས”།  “བོད་སྐད་ཡིག་སློབ་ཁྲིད་རྒྱུན་འཁྱོང་དགོས”ཞེས་འབོད་ཚིག་སྒྲོག་བཞིན་སྔ་དྲོ་དུས་ཚོད་༦ པ་ནས་ ༡༠་བ་བར་ཞི་བའི་ཁྲོམ་སྐོར་དང་ཉིན་དེའི་ནངས་དགོང་གཉིས་ལ་ཟས་བཅད་ངོ་རྒོལ་བྱས་པ་དང་།  ཚེས་ ༡༩ ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་།  ཚེས་ ༢༠ ཉིན་ཁྲི་ཀ་རྫོང་དང་། གཅན་ཚ་རྫོང་། བྲག་དཀར་༼དར་མཚོ་༽རྫོང་སོགས་ནས་ཀྱང་དེ་བཞིན་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ་བྱས་པ”དང་།  ཡང་སྤྱི་ལོ་ ༢༠༡༡ ལོའི་ཟླ་༡༢ ཚེས་ ༢༦ ནས་ ༢༨ ཉིན་གསུམ་རིང་ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་ཞིང་ཡོངས་ཀྱི་རྒྱུན་ལས་ཚོགས་འདུ་ཐེངས་བཅུ་གཅིག་པ་ཚོགས་བཞིན་པའི་སྐབས་དང་བསྟུན་ནས། རེབ་གོང་དང་། གཅན་ཚ། རྨ་ལྷོ་སོག་རྫོང་། མགོ་ལོག ཡུལ་ཤུལ། མཚོ་ལྷོ་སོགས་ཁུལ་དང་རྫོང་ཁག་མང་པོའི་དགེ་རྒན་ ༥༠༠ དང་སློབ་ཕྲུག་ ༥༠༠༠ ལྷག་གིས་མཚན་རྟགས་བཀོད་པའི་སྙན་ཞུ་ཕུལ་ཏེ། ད་ལོའི་དགུན་ཚིགས་སློབ་སྐབས་ནས་བཟུང་རྒྱ་སྒྱུར་སློབ་གསོ་ལག་བསྟར་བྱེད་བཞིན་པ་དེ་མཚམས་འཇོགས་བྱས་ཏེེ། མི་རིགས་རང་སྐྱོང་ས་ཁུལ་དུ་མི་རིགས་རང་གི་སྐད་ཡིག་གཙོ་བོར་འཛིན་པའི་མི་རིགས་སློབ་གསོའི་བཅའ་ཁྲིམས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད།

 

ཁོང་ཚོས་ངོ་རྒོལ་དང་སྙན་ཞུ་འདི་དག་འབུལ་སྐབས་ཐ་ན་སྲོག་གི་ཉེན་ཁ་ཡང་ཡོང་སྲིད་པ་ཤེས་ཀྱི་ཡོད་ཀྱང་བོད་ཀྱི་རིགས་གཞུང་སྲུང་སྐྱོབ་ཆེད་དུ་འདི་ལྟར་གྱེན་ལངས་བྱས་པ་རེད། ད་དུང་བོད་ཀྱི་ས་ཕྱོགས་སོ་སོ་ན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ཡོད། འདི་དག་ཐམས་ཅད་ནི་མཐར་གཏུགས་ན་བོད་ཀྱི་སྐད་ཡིག་གི་ཐོག་ནས་སློབ་འཁྲིད་བྱེད་དགོས་པའི་རེ་འདུན་ཁོ་ན་ཡིན།  འདི་དག་ལ་བསམ་སྐབས་ང་ཚོས་རང་དབང་ལུང་བ་ནས་སོའི་སོའི་སྐད་ཡིག་གལ་ཆུང་དང་། གཞན་གྱི་སྐད་ཡིག་གལ་ཆེན་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་པ་ནི་བོད་ཀྱི་རུས་པ་ཡོད་མཁན་ཞིག་གི་ངོས་ནས་ཁ་སྐྱེངས་དང་སེམས་ཕམ་ཞིག་ཅི་ལ་མིན།  

 

སྤྱི་ལོ་ ༢༠༠༤ ལོའི་སྤྱི་ཟླ་ ༩ ནང་དུ་སྐབས་བཅུ་གསུམ་པའི་སྤྱི་འཐུས་ཚོགས་དུས་བརྒྱད་པར་ཕེབས་བཞུགས་གནང་བའི་སྤྱི་འཐུས་རྣམ་པའང་ཁ་རོག་གེར་སྡོད་པའི་སྐབས་མིན་པར་ཞལ་གྲག་ལོས་དགོས་ཏེ་ཁྱེད་ཅག་ལ་བོད་མིའི་རིག་གཞུང་སྲུང་སྐྱོབ་ཀྱི་འགན་ཡོད་པ་མ་ཟད་སྐབས་དེར་འཛིན་རིམ་བརྒྱད་པ་བར་དུ་བོད་ཡིག་ཐོག་སློབ་འཁྲིད་བྱ་རྒྱུ་གཙོས་པའི་ཤེས་ཡོན་སྲིད་བྱུས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པ་མ་ཡིན་ནམ། 

 

ལྷག་པར་དུ་བོད་མིའི་ལམ་སྟོན་ཟླ་མེད་པ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལྟར་གསུངས་ཡོད་དེ“ང་ཚོ་བོད་པའི་ཡི་གེ་འདི་ཉིད་བརྗོད་བྱ་གསར་བ་དེ་དག་སྔར་ཕན་འཕྲད་མ་མྱོང་བ་ཡིན་སྟབས་བེད་སྤྱོད་བྱེད་རྒྱུ་མ་བྱུང་བ་མ་གཏོགས། བོད་ཡིག་སྐྱོ་དྲགས་ནས་བེད་སྤྱོད་བྱེད་མ་ཐུབ་པ་དང་།  བོད་ཡིག་གི་ནུས་པས་མ་འདང་བ་གང་ཡང་མ་རེད། དེ་ལ་ང་ཚོས་ཏན་ཏན་བསམ་བློ་གཏོང་དགོས་ཀྱི་འདུག ལོ་གཅིག་ང་ཚོ་སྐད་ཆ་བྱུང་། གཞན་དག་གང་ཡིན་རུང་མིན་རུང་། སྔོན་ལ་དམའ་རིམ་འཛིན་གྲྭ་ལྔ་བ་དྲུག་པ་ཙམ་གྱི་སློབ་ཚན་ཚང་མ་བོད་ཡིག་ཁེ་གཙང་ནས་བསླབ། རིམ་པས་རིམ་པས་བོད་ཡིག་སློབ་ཚན་གྱི་རིམ་པ་སྤར་གྱིན་སྤར་གྱིན་བྱས་ན་ཡག་པོ་འདུག རྒྱ་གར་ནང་གི་རྒྱུགས་སྤྲོད་ཀྱི་ཐོག་ལ་དཀའ་ངལ་ཡོང་མདོག་ཁ་བོ་ཡོད་ཀྱང་། དེ་ལ་ཐབས་ཤེས་བྱེད་དགོས།”ཞེས་གསུངས་ཡོད།

 

ད་འོ་ན་ལུང་དང་རྒྱུ་མཚན་འདི་འདྲ་མང་པོ་ཞིག་ཡོད་བཞིན་དུ་ཅིའི་ཕྱིར་སློབ་ཚན་རྣམས་སྐད་ཡིག་གཞན་གྱི་ཐོག་ནས་འཁྲིད་དགོས་པའི་བཀའ་རྒྱ་འབྱོར་བ་ཡིན་ནམ་ཟེར་ན་ཁོང་ཅག་གིས་རྒྱུ་མཚན་འདི་ལྟར་བགྲངས་ཡོད། གཅིག་དགེ་རྒན་གྱི་དཀའ་ངལ་དང་། གཉིས། སྔོན་ནས་བསྒྱུར་བའི་སློབ་དེབ་དེ་ཚོས་དེང་སྐབས་ཀྱི་སློབ་ཚན་གྱི་རྗེས་ཟིན་གྱི་མི་འདུག་པ་འདི་གཉིས་རེད། དེ་ལྟར་ཡིན་སྲིད། དེ་ལས་གཞན་པའི་དཀའ་ངལ་མང་པོ་ཡོད་སྲིད། སྐད་ཡིག་གཞན་པ་གལ་ཆེན་ཡང་ཡིན་ངེས། འོན་ཀྱང་སྐབས་འདི་འདྲར་དཀའ་ངལ་འདི་ཡོད་པས་བོད་ཡིག་བཞག་དགོས་ཟེར་ན་དེ་ནི་བོད་མི་རིགས་ཀྱི་རུས་རྐང་ཅན་དག་གིས་བཤད་སྟངས་ཞིག་རྩ་ནས་མ་རེད་ལ་རྒྱུ་མཚན་ཡང་དག་པ་ཞིག་ཀྱང་གཏན་ནས་མ་རེད། དེ་ལས་སློབ་ཚན་ལེགས་བསྒྱུར་དང་། དགེ་རྒན་སྦྱོང་བརྡར་གྱིས་ཁ་གསབ་བྱེད་བཞིན་མདུན་སྐྱོད་དགོས་པ་ལས་ངང་སྒུག་གིས་དུས་ནམ་ཡང་ལེགས་ལམ་སྦྱིན་མི་སྲིད།

དེ་ཡང་༸གོང་ས་མཆོག་གིས་“ང་ཚོས་ལས་དོན་མང་པོ་ཞིག་ལ་འདི་འདྲ་བྱས་ན་དཀའ་ངལ་འདི་འཕྲད་ཀྱི་རེད་ཟེར་ནས་གཡུགས་ཞོག་ཅེས་ལབ་ན་། གཡུགས་བཞག་པ་རང་རེད། ལས་དཀའ་འདི་བྱས་ན་དཀའ་ངལ་འདི་འཕྲད་ཀྱི་རེད་ཅེས་སྐད་ཆ་ཡོང་རྒྱུ་ཏན་ཏན་རེད། དཀའ་ངལ་དེ་འཕྲད་སོང་ན་སེལ་ཐབས་ག་རེ་འདུག་གམ་ཞེས་ལམ་སང་རིམ་པ་གཉིས་པ་དེར་བསམ་བློ་བཏང་ནས་འགྲོ་དགོས་ཀྱི་འདུག”ཅེས་དང་། ཀུན་གཟིགས་པཎ་ཆེན་རིན་པོ་་ཆེའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ལས། “བོད་ཡིག་ལ་ཐ་སྙད་གསར་བས་མི་འདང་བར་ཁ་གཡར་ཏེ། བོད་ཡིག་ནི་སྐད་ཡིག་ཞན་གྲས་ཡིན་པ་དང་། བརྡ་དོན་བརྒྱུད་ཀྱི་ནུས་པ་ཞན་པོ་ཡོད་པ་རེད་ཅེས་འཁྱོག་བཤད་བྱས་ནས། བོད་ཡིག་གི་མཚན་མཐོང་ལ་དམའ་འབེབས་བྱེད་ཀྱི་ཡོད། བོད་ཡིག་ལ་ཐ་སྙད་གསར་བས་མི་ལྡེང་བ་ནི་དོན་དངོས་ཡིན་ཡང་། འཇིག་རྟེན་ཐོག་སྐད་ཡིག་གང་འདྲ་ཞིག་ལའང་ཐོག་མ་ནས་ཕུན་སུམ་ཚོགས་ལ་ལྡེང་ངེས་ཀྱི་ཐ་སྣད་ཡོད་པ་ཞིག་རྩ་བ་ནས་ཐོས་མ་མྱོང་ལ། རྗེས་སུའང་མཐོང་དཀོན་པ་རེད། ཅེས་དང་། གལ་སྲིད་མིང་ཚིག་གིས་མི་ལྡེང་བ་དེར་བལྟས་ཏེ་སྐད་ཡིག་དེ་ཉིད་ལ་དམའ་འབེབས་བྱེད་པ་ནི་ཧ་ཅང་མི་འོས་པ་ཞིག་རེད། དེ་བཞིན་དུ་སྤྱོད་ཚུལ་འདི་རིགས་ནི་མི་རིགས་རང་ལ་བརྙས་བཅོས་མཐོང་ཆུང་བྱས་པ་ཞིག་རེད། ད་དུང་མི་མི་ཉུང་བ་ཞིག་གིས་རང་ཉིད་བོད་ཡིག་ལ་ཆུ་ཚད་དམའ་དྲགས་ཏེ་ཚིག་དོན་བརྡ་སྤྲོད་དང་། གོ་བདེ་དོན་ཟབ་ཅིག་ཡོང་དཀའ་བ་བཅས་ཚང་མ་གི་ཞན་ཆར་བརྩི་བཞིན་ཡོད། མི་འདི་ཚོས་ངོ་ཚ་ཤེས་ཀྱི་མི་འདུག་ཨང་།”ཞེས་གསུངས་ཡོད།

 

དེས་ན་ད་ལྟའི་ང་ཚོའི་གདམ་ག་ནི། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མོས་མཐུན་རྒྱབ་སྐྱོར་ཐོབ་ཅིང་། ཤེས་རིག་ཚོགས་ཆེན་སྔ་ཕྱི་དག་ཏུ་གཏན་འབེབས་དང་། བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་དབུ་འཁྲིད་གོང་མ་རྣམས་ཀྱིས་སྐུ་ངལ་བརྒྱ་ཕྲག་གིས་གཏན་འབེབས་གནང་བའི་ཤེས་ཡོན་སྲིད་ཇུས་ཀྱི་དགོངས་དོན། གཞིས་བཞུགས་རྒྱ་ཆེའི་མི་མང་གི་རེ་འདུན་སོགས་སྣང་མེད་དུ་བཞག་སྟེ་མུ་མཐུད་བོད་མི་ཕྱེད་ཀ་དག་བསྐྱེད་སྲིང་བཞིན་སྡོད་དམ། ཡང་ན་དེ་ལས་ལྡོག་སྟེ་བསམ་བློ་གཞན་ཞིག་བཏང་ནས་བཀའ་སློབ་ལམ་སྟོན་དང་། བཅའ་ཁྲིམས། བོད་མིའི་མངོན་འདོད། གྲོས་ཆོད་སྔ་ཕྱི་སོགས་ལ་གཞི་འཛིན་གྱིས་མི་རིགས་ཀྱི་སྲོག་རྩ་སྐད་ཡིག་རྒྱུན་འཛིན་ལ་འབད་རྒྱུ་དེ་རེད། འདི་ནི་རང་གིས་འོས་འདེམས་བྱས་པའི་དབུ་འཁྲིད་ལ་བོད་མིའི་མངོན་འདོད་བརྗོད་པ་དང་།  མི་རིགས་ཀྱི་སྲོག་རྩ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འཛིན་སྐྱོང་དགོས་པའི་དྲན་སྐུལ་གཏོང་བ་ཙམ་ལས་གཞན་གྱི་རྒྱུ་མཚན་གང་མེད།  ཁྱེད་ཅག་གིས་ངག་སྙན་མོ་དང་ཚིག་ཚོན་པོ་དག་གིས་ཤེས་ཡོན་གལ་ཆེན་གྱི་འབོད་ཚིག་ཙམ་མིན་པར་བོད་རང་གི་རིག་གཞུང་ལ་མཁྱེན་རྒྱ་ཡངས་ཤིང་གཞན་གྱི་རིག་གཞུང་ལ་ཐོས་པ་ཟབ་པའི་བོད་མིའི་རྗེས་འཛིན་པ་གསོ་སྐྱོང་བྱེད་པའི་ལས་གཞིར་ཞུགས་པ་ལས་ལྡོག་ཕྱོགས་ཀྱི་ལམ་དུ་མི་འཁྲིད་པའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད།

༢༠༡༣/༨/༡༧/ ལ་བྲིས།

Share this:
༦༢ ཀློག་གྲངས།