ཁ་ཆེ་ཞྭ་དཀར་ཅན་དང་བོད་པ་སེར་གོས་ཅན་ལ་འདྲ་ས་རེ་ཟུང་འདུག

ཁ་ཆེ་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་གཉིས་ལྟ་གྲུབ་ཀྱི་རྣམ་བཞག་ཐོག་ནས་ཁས་ལེན་སྟངས་ལ་འདྲ་ས་ཞིག་ཕལ་ཆེར་མེད་ཀྱང་།དེ་སང་བོད་མི་མང་པོ་ཞིག་གིས་དཀོན་མཆོག་ཏུ་བརྩི་བའི་རྩ་བའི་བླ་མ་བོད་ལ་གདན་འདྲེན་ཆེད་དུ་ལུས་ཕུང་མེ་ལ་སྒྲོན་ནས་རང་ཤི་རྒྱག་ཕོད་པའི་སྙིང་སྟོབས་དང་།ཁ་ཆེ་ཆོས་ལུགས་ཀྱི་རྗེས་འབྲང་པ་ཚོས་དཀོན་མཆོག་དང་ཆོས་ལུགས་ཀྱི་ཆེད་དུ་རང་ལུས་ལ་འབར་རྫས་ཐོགས་ནས་གཏོར་རྒོལ་བྱེད་པ་འདི་གཉིས་ཀ་དད་འདུན་ཟབ་ས་དེར་ཡིད་ཆེས་མང་དྲགས་པས་འདི་ལྟར་བློ་བཏང་བྱས་པ་རེད།

ཁོ་བ་ཚོ་ལ་འདི་ལྟར་དཀོན་མཆོག་གི་ཆེད་དུ་རང་ཉིད་བློས་བཏང་ཐུབ་པའི་སྙིང་ཁམས་ཆེ་ཡང་།ཁོ་བ་ཚོ་ཤི་རྗེས་དུར་ས་ནས་སྤྱི་ཚོགས་བདེ་འཇགས་ལ་ཕོག་ཐུག་ཚབས་ཆེན་ཞིག་བཏང་ཡོད་པ་ལས།བྱ་འགུལ་འདིས་འགྲོ་བ་མི་སྤྱི་ཚོགས་ལ་ཕན་ཐོགས་སྐར་གང་ཡང་བྱུང་མེད་པ་གསལ་པོ་རེད།འོན་ཀྱང་དཀོན་མཆོག་རྒྱབ་ལངས་ཤོག་ཁག་དང་།ཆོས་ལུགས་རུ་དཔུང་ཚོགས་པས།ནམ་ཡང་རང་ཉིད་ཀྱི་སྡེ་ཚན་སྲུང་སྐྱོབ་དང་ཁ་འཛིན་ཁོ་ནའི་ཆེད་དུ།རང་ལུས་མེ་ལ་བསྲེག་པ་འདིས་མི་བོད་མི་རིགས་ལ་ཕན་རབས་དང།ཀུན་ཁྱབ་ཀྱི་སེམས་ཁུར།བྱང་སེམས་ཀྱི་སྤྱོད་པ་ཡིན་རབས་ཀྱིས་ལོག་འགྲེལ་ཁོ་ནར་བྱས་དང་བྱེད་མོས་རེད།

སྐབས་འདིར་བདེན་ལུགས་ཀྱི་རྒྱབ་ལངས་བྱ་མཁན་རེ་ཟུང་ཡོད་ན་དཀོན་མཆོག་གི་བཀའ་ལ་མི་ཉན།དཔོན་པོའི་ཁྲིམས་ལ་མི་བརྩི་བའི་གྲལ་དུ་ཨུ་ཚུགས་བཙན་གྱིས་བརྫངས་ཐབས་བྱ་ཡོང་དུས།བདེན་ལུགས་དངོས་ཀྱི་སྐད་ཆ་བཤད་སའི་ལམ་ཁ་དེ་རྦད་དེ་བཀག་བསྡད་ཡོད།

དེ་སྔོན་འཛམ་གླིང་ནས་བརྩིས་ན་དཀོན་མཆོག་རྒྱབ་ལངས་ཤོག་ཁག་ཆེ་ཤོས་ཀྱི་མིང་དོན་ཨང་དང་པོ་དེ་ཁ་ཆེ་ཆོས་ལུགས་པ་ཚོ་ལ་ཡོད་ཀྱང་།དེང་སང་བོད་པའི་སྤྱི་ཚོགས་སུ་དཀོན་མཆོག་རྒྱབ་ལངས་དང་།ཆོས་ལུགས་ཁ་འཛིན་པའི་རུ་དཔུང་ཇེ་མཐུག་ཇེ་མང་དུ་འགྲོ་བཞིན་ཡོད་པས།ཀུན་སྤྱོད་འདི་ཡི་རིགས་མུ་མཐུད་ནས་ཕྱིན་ཚེ་དཀོན་མཆོག་རྒྱབ་ལངས་ཚོགས་པ་ཆོས་ལུགས་ཁ་འཛིན་རུ་དཔུང་ཨང་དང་པོ་དེ་བོད་པའི་བླ་མ་སེར་མོ་བ་ཚོ་ངེས་པར་དུ་ཆགས་ངེས་ཤིང་།ཁ་ཆེ་ཞྭ་དཀར་ཅན་དང་དགེ་འདུན་སེར་གོས་ཅན་གཉིས་དཀོན་མཆོག་གི་ཆེད་དུ་ལྕེབས་མཆོངས་བྱེད་པའི་ཆོ་ལོ་དང་མཚན་བྱང་འདྲ་མཚུངས་སུ་ཐོབ་ངེས་པས་དེ་ལྟར་བྱེད་ཕོད་དམ།བླ་མ་དགེ་སློང་དང་ཆོས་ལུགས་གྲྭ་པ་ཚོས་ཆོས་ལུགས་ཀྱི་གྱོན་གོས་འོག་ནས་ཆབ་སྲིད་ཀྱི་འཁྲབ་སྟོན་ཕུགས་མེད་འདི་ཚོ་ངེས་པར་དུ་མཚམས་འཇོགས་དགོས་པར་སྙམ།རྒྱུ་མཚན་ནི་སངས་རྒྱས་ཤཱཀྱ་ཐུབ་པས་ཁྱོད་ལ་འདི་ལྟར་ཆབ་སྲིད་འཁྲབ་སྟོན་ཕུགས་མེད་རེ་བྱ་རྒྱུའི་གནང་བ་མེད་པས་ཡིན

Share this: