གཞོན་ནུས་དགའ་རོགས་རྙེད་པའི་ལེའུ་དང་པོ།

གཞོན་ནུས་དགའ་རོགས་རྙེད་པའི་་ལེའུ་དང་པོ།

དུས་ནམ་ཞིག་གི་ཚེ་ན་རྒྱལ་པོ་ཟས་གཙང་མ་ཤཱཀྱའི་ཚོགས་དང་བཅས་པ་ལྷན་གཅིག་ཏུ་འདུག་པའི་ཚེ།ཤཱཀྱ་རྒན་རབས་པ་ཁག་གཅིག་གིས།རྒྱལ་པོ་ཟས་གཙང་མ་ལ་འདི་སྐད་ཅེས་སྨྲས་སོ།

ལྷ་མཁྱེན་པ་མཛད་དུ་གསོལ།གཞོན་ནུ་དོན་ཐམས་ཅད་གྲུབ་པ་འདི་རབ་ཏུ་བྱུང་ན་དེ་བཞིན་གཤེགས་པ་སངས་རྒྱས་སུ་འགྱུར་ཞིང་།རབ་ཏུ་མ་བྱུང་ན་ནི་དཔུང་ཚོགས་ཡན་ལག་དང་ལྡན་པའི་འཁོར་ལོའི་བསྒྱུར་བའི་རྒྱལ་པོ་ཞིག་དང་།གཞན་སྡེ་རབ་ཏུ་འཇོམས་པའི་ས་ཡི་དཀྱིལ་འཁོར་དབང་བྱ་བར་འགྱུར་རོ།དེའི་ལྷད་དུ་གཞོན་ནུ་འདི་ལ་བཙུན་མོ་ཞིག་བླང་བར་བགྱི་འོ།རྒྱལ་བུ་འདི་དེ་ལྟར་ཁྱིམ་ཐབ་ཀྱི་བག་མ་ཞིག་བླང་ཐུབ་ན་བདག་ཅག་ཤཀྱའི་གདུང་རྒྱུད་ཡང་མི་ཆད།ཕྱོགས་གཞན་གྱི་རྒྱལ་པོ་དག་གིས་ཀྱང་ང་ཚོ་ཤཱཀྱའི་རིགས་ལ་མི་སྙན་པར་མི་བརྗོད་ཅིང་།ཤཱཀྱའི་རིགས་ལ་རིམ་གྲོ་བྱ་བ་ལ་ཡང་ཕན་ཐོགས་པར་འགྱུར་རོ་ཅེས་སྨྲས་པས།རྒྱལ་པོ་ཟས་གཙང་མས་གལ་ཏེ་དེ་ལྟར་བདེན་པར་འགྱུར་ན།      གཞོན་ནུ་དོན་ཐམས་ཅད་གྲུབ་པ་འདི་ཡིད་མགུ་བའི་བུ་མོ་ཚུལ་དང་མཐུན་པ་ཞིག་གང་ནས་རྙེད་ལྟོས་ཤིག་ཅེས་ཤཱཀྱ་རྒན་རབས་རྣམས་ལ་བཀས་བཀུལ་ལོ།རྒྱལ་པོ་ཟས་གཙང་མའི་རྒྱལ་བུ་དོན་གྲུབ་ལ་བག་མ་བསུ་བའི་འཆར་གཞི་ཡོད་པའི་གཏམ་དེ་སེར་སྐྱའི་གྲོང་ཁྱེར་ལ་ཡོངས་སུ་ཁྱབ་བོ།དེ་ནས་ཤཱཀྱ་ལྔ་བརྒྱ་ལྷག་གིས་རྒྱལ་པོ་ཟས་གཙང་མའི་ཕོ་བྲང་དུ་བུ་མོ་རྣམས་ཁྲིད་ནས་ཕྱིན་ཞིང་།ཟས་གཙང་མའི་ཕོ་བྲང་གི་གཡས་གཡོན་ཀུན་ཏུ་ཤཱཀྱའི་བུ་མོ་རྣམས་ཀྱིས་ཡོངས་སུ་ཁེངས་པས།རྒྱལ་པོ་ཟས་གཙང་མས་རྒྱལ་བུ་ལ་མགུ་བའི་བུ་མོ་དེ་སུ་ཞིག་ཡིན་པར་བློ་ཐག་མ་ཆོད་པར་རྒྱལ་བུ་དོན་གྲུབ་ལ་འདི་ལྟར་སྨྲས་སོ།        གཞོན་ནུ་གསན་དུ་གསོལ།ཁྱིམ་ཐབས་ཀྱི་བུ་མོ་སུ་ཞིག་ལ་མགུ་ན་དེ་བག་མར་བླང་པར་བགྱིའོ་ཞེས་སྨྲས་པས།རྒྱལ་བུ་དོན་གྲུབ་ཀྱིས་ཞག་བདུན་གྱི་རྗེས་ནས་བུ་མོ་སུ་ཞིག་བག་མར་ལེན་པར་ཐག་གཅོད་གནང་ངོ་ཅེས་སྨྲས་ནས་རང་གནས་སུ་ལོག་གོ།དེ་ནས་གཞོན་ནུ་དོན་གྲུབ་ཀྱིས་ཞག་བདུན་ལ་ཐུགས་བསམ་ཟབ་མོ་བཞེས་པའི་རྗེས་གཞོན་ནུའི་ཁྱིམ་ཐབས་བག་མ་ལ་ཚང་དགོས་བའི་ཆ་རྐྱེན་རྣམས་ཡིག་ཐོག་ལ་བཀོད་ནས་ཡབ་རྒྱལ་པོ་ཟས་གཙང་མ་ལ་གནང་ངོ་།རྒྱལ་བུ་ཡི་གེའི་ནང་དུ་བག་མ་ལ་ཚང་དགོས་བའི་ཆ་རྐྱེན་འདི་ལྟར་རོ།གཟུགས་མཛེས་ཤིང་བག་ཡོད་པ།ན་ཚོད་དར་བ།རུས་དང་རིགས་གཙང་བ།སྐྱེ་བོ་གཞན་གྱིས་འབྲེལ་བ་བྱས་མ་མྱོང་པ།ནང་ཕུ་ནུ་ལ་བྱམས་པའི་སེམས་དང་ལྡན་པ།གཏོང་ཕོད་ལ་དགའ་བ།དགེ་སྦྱོང་དང་བྲམ་ཟེ་ལ་གུས་བསྐུར་ཡོད་པ།ང་རྒྱལ་དང་ཁེངས་པ་མེད་ཅིང་།གཡོ་རྒྱུ་དང་ཕྲག་དོག་མེད་པའི་ངང་ཚུལ་ཅན།མཚན་མོ་རྨི་ལམ་ཚུན་ཆད་དུ་ཁྱོ་ག་གཞན་ལ་ཆགས་སྤྱོད་བྱ་བའི་བསམ་ཚུལ་དང་བྲལ་བ།སྨྱོས་བྱེད་ཆང་ལ་མ་ཆགས་པ།བདེན་པ་ལ་གནས་ཤིང་མི་གཞན་ལ་འཕྱ་སྨོད་མི་བྱེད་པ།ངོ་ཚའི་གོས་དང་ལྡན་ཞིང་ཆོས་ལ་དད་བརྩོན་ཆེ་བ།གཉིད་དང་རྨུག་པ་མི་ཆེ་བ།གཡོག་ཕོ་མོ་རྣམས་ལ་བྱམས་སྐྱོང་ཆེ་བ།དགོང་མོ་ཉལ་དུས་ཁྱོ་གའི་རྗེ་ལ་ཉལ་ཞིང་།ཞོགས་པ་ལངས་དུས་ཁྱོ་གའི་སྔོན་ལ་ལངས་པ།སྨད་འཚོང་མ་བཞིན་འདོད་པའི་ཆགས་སྤྱོད་ཀྱི་ཆོ་ག་ལ་རབ་ཏུ་མཁས་པ།བ་སྤུ་ཁུང་བུ་རེ་རེ་ལ་དྲི་ཞིམ་རྟག་ཏུ་བྲོ་བ།དུས་ནམ་དུ་ཡང་ཚུལ་འཆོས་ཀྱི་དྲི་ཙམ་ཡང་མེད་པ་ལ་སོགས་པའི་བཟང་སྤྱོད་ཀྱི་ཆ་རྐྱེན་དུ་མ་ཞིག་ཡིག་ཐོག་ལ་བྲིས་ནས་རྒྱལ་པོ་ལ་ཕུལ་ལོ།དེ་ནས་རྒྱལ་པོ་ཟས་གཙང་མས་།བྲམ་ཟེ་མདུན་ན་འདོན་ཆེན་པོ་བོས་ནས་རྒྱལ་བུས་བྲིས་པའི་ཆ་རྐྱེན་དེ་ལྟར་ཚང་བའི་བུ་མོ་ཞིག་སེར་སྐྱའི་གྲོང་ཁྱེར་གང་ལ་ཡོད་མེད་བརྟག་ཅིག་ཟེར་ནས་བཀས་བསྐུལ་ལོ།དེ་ནས་བྲམ་ཟེ་མདུན་ལ་འདོན་ཆེན་པོ་རྒྱལ་བུ་དོན་གྲུབ་ཀྱི་ཁྱིམ་ཐབས་ཆུང་མར་ཚང་དགོས་བའི་ཆ་རྐྱེན་གྱི་བཀའ་ཡིག་ཁྱེར་ནས་སེར་སྐྱའི་གྲོང་ཁྱེར་ཁྱིམ་ཚང་ཡོངས་ལ་བསྐོར་ནས་སོང་ཚེ།ཤཱཀྱ་ལག་ན་བེ་ཅོན་གྱི་ཁྱིམ་དུ་བུ་མོ་གཞོན་ནུ་མ་གཟུགས་མཛེས་ཤིང་།ལྟ་བས་ཆོག་མི་ཤེས་པ།ཡིད་དུ་འོང་བ།ཧ་ཅང་ཡང་མི་རིང་བ།ཧ་ཅང་ཡང་མི་ཐུང་བ།ཧ་ཅང་ཡང་མི་སྦོམ་པ།ཅ་ཅང་ཡང་མི་སྐམ་པ།ཅ་ཅང་ཡང་མི་དམར་བ།ཧ་ཅང་ཡང་མི་ནག་པ།དར་ལ་བབ་པ།བུད་མེད་རིན་པོ་ཆེ་ལྟར་ཆ་རྐྱེན་ཡོངས་སུ་ཚང་བ་ཞིག་རྙེད་དོ།བུ་མོ་དེས་བྲམ་ཟེ་མདུན་ན་འདོན་གྱི་རྐང་པ་ལ་ཕྱག་འཚལ་ནས་ཁྱོད་ལ་གང་དགོས་ཞེས་དྲིས་ཚེ།རྒྱལ་པོ་ཟས་གཙང་སྲས་ཀྱི་བུ་གཞོན་ནུ་དོན་གྲུབ་ཅེས་པའི་སྐྱེ་བུ་གཟི་བརྗིད་ཅན་དེ་ཉིད་བག་མར་བླངས་པའི་དུས་ལ་བབ་བོ།རྒྱལ་བུའི་བག་མར་ཚང་དགོས་པའི་ཆ་རྐྱེན་འདི་སུ་ལ་ལྡན་ན་རྒྱལ་བུའི་ཆུང་མ་འོས་ཞེས་སྨྲས་ནས་བུ་མོ་ས་འཚོ་མ་ལ་ཡི་གེ་སྤྲད་དོ།བུ་མོ་དེ་རྒྱལ་བུའི་ཡི་གེ་བཀླགས་མཐར།སེམས་རབ་ཏུ་དགའ་ནས་བཞིན་འཛུམ་པ་དང་བཅས།བྲམ་ཟེ་མདུན་ན་འདོན་ལ་སྨྲས་པ།བྲམ་ཟེ་མདུན་ན་འདོན་གསན་དུ་གསོལ།རྒྱལ་བུ་ལ་ཁྱིམ་ཐབས་བྱེད་ཐུབ་པའི་ཡོན་ཏན་འདི་དག་ཀུན་བདག་ལ་ཚང་ཞིང་།འོན་ཀྱང་བདག་ཁྱིམ་བདག་གཞན་དང་གཞན་གྱིས་བག་བར་སློང་མཁན་མང་བས་ཕྱི་བཤོལ་བྱ་མི་རུང་ཞེས་སྨྲས་སོ།དེ་ནས་བྲམ་ཟེ་མདུན་ན་འདོན།རྒྱལ་པོ་ཟས་གཙང་མའི་དྲུང་དུ་སོང་ནས།རྒྱལ་བུའི་བཀའ་ཡིག་དང་མཐུན་པའི་བུ་མོ་མཐོང་ངོ་ཞེས་ཞུས་སོ།རྒྱས་པོ་ཟས་གཙང་མས་དེ་ལྟར་རྒྱལ་བུ་ལ་ཁྱིམ་ཐབས་ཐུབ་པའི་བུ་མོ་དེ་སུ་ཞིག་ལ་འདུག་དྲིས་པའི་ཚེ།བྲམ་ཟེས་ཤཱཀྱ་ལག་ན་བེ་ཅོན་ཀྱི་བུ་མོའོ་ཞེས་སྨྲས།དེ་ནས་རྒྱལ་པོ་ཟས་གཙང་མ་འདི་སྙམ་དུ་སེམས་སོ།བུད་མེད་རྣམས་ཡོན་ཏན་མེད་པ་ལ་ཡོད་པར་སྒྲོག་རྒྱུ་ཤིན་ཏུ་དགའ་བས་ལག་ན་བེ་ཅོན་གྱི་བུ་མོ་དེ་ཡོན་ཏན་དེ་ལྟར་ཚང་བ་ཁས་ལེན་ཐུབ་དཀའ་བས།འདི་ནས་བརྩིས་པའི་ཞག་བདུན་གྱི་ཉིན་རྒྱལ་བུ་དོན་གྲུབ་ཀྱིས་སེར་སྐྱའི་གྲོང་གི་བུ་མོ་རྣམས་ལ།བང་མཛོད་ཀྱི་གསེར་དངུལ་ལ་སོགས་པའི་རིན་པོ་ཆེ་རྣམས་གནང་སྦྱིན་ཡོད་དོ་ཞེས་སེར་སྐྱའི་གྲོང་ཁྱེར་ཡོངས་ལ་བསྒྲགས་ནས།བུ་མོ་རྣམས་ཀྱི་ནང་ནས་རྒྱལ་བུའི་མིག་ལ་གང་མགུ་བ་དེ་ཁྱིམ་ཐབས་བསུའོ་སྙམ་ནས་སེར་སྐྱའི་གྲོང་ཁྱེར་ཡོངས་ལ་གཏམ་དེ་བསྒྲགས་སོ།ཉིན་བདུན་གྱི་ཉིན་རྒྱལ་པོའི་ཟས་གཙང་མའི་ཕོ་བྲང་གི་མདུན་དུ་སེར་སྐྱའི་གྲོང་ཁྱེར་གྱི་བུ་མོ་རྣམས་ཆད་ལྷག་མེད་པར་འཚང་ཁ་ཤིག་ཤིག་ཏུ་འཛོམ་ཞིང་།རྒྱལ་བུ་སེངྒེའི་ཁྲི་ལ་བཞུགས་ནས་བུ་མོ་ཇི་ཙམ་ཡོང་བ་དེ་ཙམ་ལ་ཡིད་དུ་འོང་བའི་དངོས་པོའི་ཡོད་བྱེད་དག་བྱིན་ནོ།དེ་ནས་བུ་མོ་དེ་དག་རྒྱལ་བུ་དོན་གྲུབ་ཀྱི་གཟི་བརྗིད་དག་མ་བཟོད་ནས།ཡིད་དུ་འོང་བའི་ཡོ་བྱེད་དག་བླང་ནས་མྱུལ་བར་མྱུལ་བར་ཕྱིར་དོང་ངོ་།དེ་ནས་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་མཚོ་མ་བྲན་མོ་ཚོགས་ཀྱིས་བསྐོར་ནས་རྒྱལ་བུའི་མདུན་ག་ལ་བ་དེར་བསླེབ་པ་དང་།རྒྱལ་བུས་ཡིད་དུ་འོང་པའི་ཡོ་བྱེད་དེ་དག་བྱིན་པའི་ཚེ་ས་འཚོ་མས་འཛུམ་མུལ་ཞིང་མིག་མི་འཛུམ་པ་རྒྱལ་བུ་ཞལ་ལ་བལྟ་བཞིན།རྒྱལ་བུ་ལ་འདི་སྐད་སྨྲས་སོ།གཞོན་ནུ་བདག་གིས་ཁྱེད་ལ་ནོངས་པ་ཅི་ཞིག་བགྱིས་སྨྲས་པས།རྒྱལ་བུས་ངས་ནི་ཁྱོད་ན་ངན་སྡང་གང་ཡང་བྱས་མེད་ཀྱང་།ཁྱོད་ནི་བུ་མོ་རྣམས་ཀྱི་རྗེས་ལ་འོངས་དོན་ཅི་ཞིག་ཅེས་སྨྲས་ཤིང་གསེར་སྲང་བརྒྱ་སྟོང་དུ་མ་རི་བའི་སོར་གདུབ་དེ་ཕུད་ནས་གཞོན་ནུ་མ་དེ་ལ་བྱིན་ནོ།བུ་མོ་དེས་སྨྲས་པ།གཞོན་ནུ།བདག་གིས་འདི་ལྟ་བུ་བླང་ན་འོས་སམ་ཞེས་སྨྲས་པས།དེའི་ལན་དུ་ད་དུང་གཞན་དང་གཞན་དག་ཡོད་པ་འདི་དག་ཀྱང་ཁྱོད་ཀྱིས་ཁྱེར་ཞིག་སྨྲས་སོ།དེ་ནས་བུ་མོ་ས་འཚོ་མ་ཕྱིར་རང་གནས་སུ་ཕྱིན་ཏོ།རྒྱལ་བུ་ལ་བྱ་ར་བ་བཀོད་པའི་བྲམ་ཟེ་དག་རྒྱས་པོ་ཟས་གཙང་མའི་དྲུང་དུ་སོང་ནས།ཤཱ་ཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་མ་ཞེས་པ་དེ་ལ་རྒྱལ་བུ་སྤྱན་ཆགས་ཤིང་།ཅུང་བཀའ་མཆིད་ཀྱང་གནང་ཞིང་།གནང་སྤྱིན་ཡང་གཞན་ལས་ལྷག་པར་བྱས་སོ་ཞེས་སྨྲས་སོ།རྒྱལ་པོ་ཟས་གཙང་མས་གཏམ་དེ་ཐོས་མ་ཐག་ཤཱཀྱ་ལག་ན་བེ་ཅོན་གྱི་གམ་དུ་མདུན་ན་འདོན་གྱི་ཕོ་ཉ་བཀྱེ་ནས།ཁྱོད་ཀྱི་བུ་མོ་དེ་ངའི་བུ་ལ་བག་མར་བྱིནཅིག་ཅེས་ཡི་གེ་སྤྲིང་ངོ་།ཤཱཀྱ་ལག་ན་བེ་ཅོན་གྱིས་ཟས་གཙང་མའི་སྨྲས་པའི་གཏམ་ཇི་ལྟར་ཁས་ལེན་མ་བྱས་ཤིང་།ཁྱོད་ཀྱི་རྒྱལ་བུ་གཞོན་ནུ་དེ་ཕོ་བྲང་དུ་འཁྲུངས་ནས་སྐྱིད་ཉལ་བྱ་བ་ལས་ཡོན་ཏན་དང་སྒྱུ་རྩལ་གང་ལ་ཡང་མི་མཁས་པས་ངའི་བུ་མོ་མི་གཏོང་ངོ་།གལ་སྲིད་ངས་བུ་མོ་ཁྱོད་ཀྱི་རྒྱལ་བུ་ལ་ཁྱིམ་ཐབ་ཏུ་གཏོང་དགོས་ཚེ།ཡིག་རིགས་དང་།རྩིས།གྱད་ཀྱི་སྟོབས་ཤུགས་ལ་སོགས་པའི་སྒྱུ་རྩལ་ཡོངས་རྫོགས་འགྲན་དགོས་སོ།དེ་ལྟར་སྒྱུ་རྩལ་ཡོངས་ཀྱི་རྩེ་ཕུད་སུས་འཐོབ་ན་ངའི་བུ་མོ་སྟེར་ནུ་སོ་ཞེས་པའི་ལན་བཏབ་པས།ལག་ན་བེ་ཅོན་འདི་ཡང་ནས་ཡང་དུ་ངའི་ངག་མ་མི་ཉན་པས་ཇི་ལྟར་བྱ་སྙམ་ནས་སེམས་ཁོང་དུ་ཆུད་ནས་བཞུགས་པའི་ཚེ།གཞོན་ནུ་དོན་གྲུབ་ཡབ་རྒྱལ་པོ་ཟས་གཙང་མིའི་མདུན་ག་ལ་བ་དེར་ཕྱིན་ནས།འདི་སྐད་ཅེས་སྨྲས།ཅིའི་ནོངས་ཏེ་དེ་ལྟར་ཞལ་ནག་པར་བཞུགས་ཟེར།རྒྱལ་པོས་སྨྲས་པ།གཞོན་ནུ་དེ་དྲི་བས་ཅི་ཞིག་བྱ་ཟེར།གཞོན་ནུས་སྨྲས་པ།དེ་ནི་བཀའ་མི་བརྩལ་མི་རུང་ངོ་ཟེར་ལན་གསུམ་དུ་སྨྲས་པས།དེ་ནས་རྒྱལ་པོ་ཟས་གཙང་ནས་གནས་དོན་རྣམས་བརྗོད་པའི་ཚེ།རྒྱལ་བུ་དོན་གྲུབ་ཀྱིས་རྒྱལ་པོ་ལ་སྨྲས་པ།སེར་སྐྱའི་གྲོང་ཁྱེར་འདི་ན་བདག་གི་སྒྱུ་སྩལ་འགྲན་ནུས་པ་སུ་ཞིག་མ་མཆིས།སེམས་ཁོང་དུ་མ་ཆུད་ཅིག།སེར་སྐྱའི་གྲོང་ན་སྒྱུ་རྩལ་བ་ཡོངས་བོས་ཤིག     བདག་གིས་སྒྱུ་རྩལ་ཡོངས་ཀྱི་རྒྱལ་ཁ་འཐོབ་ཅེས་སྨྲས་པས།རྒྱལ་པོ་ཟས་གཙང་མ་སེམས་དགའ་བའི་ཤུགས་ཀྱིས་རབ་ཏུ་བགད་ནས།སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དྲིལ་བསྒྲགས་ཏེ།ཞག་བདུན་ན་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་མ་སྒྱུ་རྩལ་རྒྱལ་བའི་རྒྱན་དུ་ཡོད་པས།སེར་སྐྱའི་གྲོང་ཁྱེར་གྱི་སྒྱུ་རྩལ་བ་རྣམས་འཛོམ་ཞིག་ཅེས་བཀའ་བསྒྲགས་སོ།

དེ་ནས་ཞག་བདུན་གྱི་ཉིན་སློབ་སྦྱོང་དང་སྒྱུ་རྩལ་ལ་བྱང་བའི་ཤཱཀྱ་གཞོན་ནུ་ལྔ་བརྒྱ་ཙམ་ཚོགས་ནས་་སྒྱུ་རྩལ་འགྲན་པར་གྱུར་ཏོ།གྱད་ཀྱི་འཛིན་སྟངས་སུ་རྒྱལ་འགྲན་ཚེ།གཞོན་ནུ་དོན་གྲུབ་ཤིང་རྟ་ལ་འདུག་བཞིན་དུ།གླང་ཆེན་དཀར་པོ་བོང་ཤིན་ཏུ་རིང་བ་ཞིག་རྐང་པ་ཡ་གཅིག་གིས་བཀྱག་ནས།ར་བ་དང་རིམ་པ་འོབས་བདུན་འདས་ནས།སེར་སྐྱའི་གྲོང་ཁྱེར་གྱི་རྒྱང་གྲགས་གཅིག་ཙམ་གྱི་ཕ་རོལ་དུ་འཕངས་ནས་ཤཱཀྱ་གཞོན་ནུ་སུས་ཀྱང་གླགས་མ་ཁེལ་པར་གཞོན་ནུ་ལ་རྒྱལ་ཁ་ཐོབ་བོ།དེ་ནས་ཡིག་མཁས་སློབ་དཔོན་རྣམས་དཔང་དུ་བཞག་ནས་ཡི་གེ་འགྲན་པ་དང་།དེ་ནས་སྲིད་སྒྲུབ་ལ་སོགས་པའི་རྩིས་མཁས་རྣམས་དཔང་པོར་བཞག་ནས་རྩིས་འགྲན་པ་དང་།དེ་ནས་གནམ་རུ་གཞུ་བརྡུང་བ་དང་མདའ་འགྲན་པ་དང་།དེ་ནས་བང་དང་།རྐྱལ་དང་།གོམ་སྟབས་དང་།ཞགས་དང་།སྙན་དངགས་སྦྱར་བ་དང་།རོལ་མོའི་དབྱངས་དང་།གར་དང་།གླུ་དང་།གཏམ་དང་།བཞད་གད་དང་།གོས་མཚོན་གྱིས་བསྒྱུར་བ་དང་།གཏན་ཚིགས་ཀྱིས་རིག་པ་འགྲན་པ་ལ་སོགས་པའི་སྒྱུ་རྩལ་ཡོངས་ཀྱི་རྩལ་ནས་གཞོན་ནུ་དོན་གྲུབ་རྒྱལ་ལ་ཁ་ཨང་དང་པོའི་རྒྱལ་ཁའི་ལག་རྟགས་སུ་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་མ་ཐོབ་བོ་ཟེར་ནས་སེར་སྐྱའི་གྲོང་ཁྱེར་ཡོངས་སུ་གྲགས་སོ།དེ་ནས་རྒྱལ་པོ་ཟས་གཙང་མས་རང་གི་བུ་གཞོན་ནུ་དོན་གྲུབ་ལ་བུ་མོ་ས་འཚོ་མ་བག་མར་བླངས་ནས་རྒྱལ་བུ་དོན་གྲུབ་ཀྱི་བཙུན་མོར་དབང་བསྐུར་རོ།དེ་ནས་རྒྱལ་བུ་དོན་གྲུབ་དང་བུ་མོ་ས་འཚོ་མ་གཉིས་ཡུལ་སེར་སྐྱའི་གྲོང་ཁྱེར་རྒྱལ་པོ་ཟས་གཙང་མའི་ཕོ་བྲང་དུ་འབྲལ་མི་ཕོད་པའི་དགའ་སྐྱིད་ཀྱི་བརྩེ་བ་དང་།འདོད་པའི་དགའ་མགུར་དག་ལ་ལོངས་སུ་སྤྱད་དོ།དགའ་རོགས་སྒྲིག་ཅིང་བཙུན་མོ་ལ་དགའ་མགུར་སྤྱད་པའི་ལེའུ་སྟེ་བམ་པོ་དང་པོ་རྫོགས་སོ།

Share this:
༩༧ ཀློག་གྲངས།