རོ་ཝལ་བོད་ཆེད་ཐེབས་རྩའི་ ༢༠༡༣།༡༤ ལོའི་མ་དངུལ་གསལ་བསྒྲགས།

རོ་ཝལ་བོད་ཀྱི་ཐེབས་རྩས་སྤྱི་ལོ་༢༠༡༣།༡༤ ལོའི་སྤྱི་ཟླ་ ༩ པའི་ཚེས་༡ ནས་ཚེས་༣༠ བར་དུ་སྐབས་བཅུ་པའི་མ་དངུལ་སྙན་ཞུ་ངོས་ལེན་བྱེད་རྒྱུ་ཡིན། མ་དངུལ་སྙན་ཞུ་དྲ་རྒྱ་ཐོག་ཏུ་བཀོད་ཡོད། དེར་སྙན་ཞུ་འབུལ་མཁན་ཚོས་ང་ཚོའི་དྲ་ཚིགས་ལ་ཕེབས་གཟིགས་གནང་རོགས། རོ་ཝལ་བོད་ཆེད་ཐེབས་རྩའི་དམིགས་དོན་གཙོ་བོ་ནི་བོད་པའི་སྤྱི་ཚོགས་ནང་དང་ཡང་ན་རྒྱལ་སྤྱིའི་སྟེང་ལ་བོད་ཀྱི་སྒྱུ་རྩལ། བོད་དོན་དྲིལ་བསྒྲགས། ཁོར་ཡུག་སྲུང་སྐྱོབ། བུད་མེད་ཀྱི་ཐོབ་ཐང་སོགས་ཀྱི་སྐོར་ལ་བྱས་རྗེས་འབུར་དུ་ཐོན་པའི་བོད་མི་སྒེར་དང་། ཡང་ན། ཚོགས་པར་མ་དངུལ་གྱི་ཐད་རོགས་སྐྱོར་བྱེད་རྒྱུ་དེ་ཡིན།

བརྙན་པར་དང་སྐྱིད་སྡུག་རོགས་སྐྱོར་ལས་གཞི། གསར་འགྱུར་ལས་གཞི། རྩོམ་རིག་སྒྱུ་རྩལ། བུད་མེད་ཀྱི་གནད་དོན། ཁོར་ཡུག་སྲུང་སྐྱོབ་ཤེས་རྟོགས་ལས་གཞི་སོགས་ལེགས་སྤེལ་ཐད་འཆར་གཞི་ཡོད་ན་སྙན་ཞུ་འབུལ་ཆོག རོ་ཝལ་བོད་ཆེད་ཐེབས་རྩ་ནི་སྐུ་གཤེགས་པོ་སྒེ་ལེན་དང་སྦར་སྦ་ར་རོ་ཝེལ་རྣམ་གཉིས་ཀྱི་དྲན་གསོ་ཆེད་བཙུགས་པ་ཞིག་ཡིན། ཁོང་རྣམ་གཉིས་ནི་བོད་ཀྱི་བློས་ཐུབ་གྲོགས་པོ་ཡིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༼ངའི་བོད།༽ཅེས་པའི་དཔེ་དེབ་དེ་ཡང་ཁོང་ གཉིས་དང་མཉམ་འབྲེལ་གནང་ནས་པར་སྐྲུན་བྱས་པ་ཡིན། ཁོང་གཉིས་ཀྱིས་པར་དང་རྩོམ་བརྒྱུད་ནས་བོད་ཀྱི་མཛེས་སྡུག་དང་ཡ་ང་བའི་ཁོར་ཡུག་གནས་སྟངས་དང་རིག་གཞུང་སོགས་འཛམ་གླིང་གི་མི་མང་མང་པོར་ངོ་སྤྲོད་གནང་ཡོད། ཁོང་གཉིས་སྐོར་གྱི་གནས་ཚུལ་མང་བ་དྲ་ཚིགས་ལས་མཁྱེན་ཐུབ། ཁོང་གཉིས་འདས་གྲོངས་རྗེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ ཚོགས་དང་། ཁོང་གཉིས་ཀྱི་ནང་མི་མཛའ་གྲོགས་རྣམས་ནས་ཁོང་གཉིས་ཀྱི་དམིགས་འདུན་མཐའ་འཁྱོངས་པ་དང་དྲན་གསོའི་ཆེད་རོ་ཝལ་ཐེབས་རྩ་འདི་བཙུགས་པ་རེད། རོ་ཝལ་ཐེབས་རྩ་ལ་འཆར་གཞི་འབུལ་འདོད་ཡོད་མཁན་ཚོས་ང་ཚོའི་དབྱིན་ཡིག་དྲ་ཚིགས་www.savetibet.org/about-ict/rowell-fund-tibet སུ་ཕེབས་ནས་སྙན་ཞུ་དང་འབྲེལ་བའི་གནས་ཚུལ་རྣམས་བཀོད་གནང་ནས་༢༠༡༣ ཟླ་༩ ཚེས་༡ ནས་༣༠ བར་དུ་གཤམ་གསལ་ཨི་མེལ་ལམ་སྦྲག་ཐོག་བརྒྱུད་ནས་སྙན་ཞུ་འབུལ་རོགས།

Rowell Fund for Tibet International Campaign for Tibet

1825 Jefferson Place,

NW Washington, D.C. 20036

Email: rowellfund@savetibet.org

སྙན་ཞུ་རྣམས་རྒྱལ་སྤྱིའི་བོད་དོན་ལས་འགུལ་དུ་ཝ་ཤིང་ཊོན་ཌི་སི་དུས་ཚོད་༢༠༡༣ ཟླ་༩ ཚེས་༣༠ མཚན་དཀྱིལ་གོང་འབྱོར་དགོས། སྙན་ཞུ་འབྱོར་བ་རྣམས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་རོ་ཝེལ་ཐེབས་རྩའི་སློབ་སྟོན་ལྷན་ཚོགས་སུ་ཟླ་བ་༡༠ ནང་འདེམས་སྒྲུག་ཆེད་གཏོང་རྒྱུ་དང་། མ་དངུལ་རག་མིན་ཟླ་༡༢ ཟླ་སྟོད་དུ་གསལ་བསྒྲགས་གནང་རྒྱུ་དང། མ་དངུལ་རྣམས་ཟླ་༡༢ དཀྱིལ་ཙམ་ལ་དོ་བདག་སོ་སོར་གཏོང་རྒྱུ་རེད་། ཐེབས་རྩའི་སྒྲིག་གཞི་སོགས་ང་ཚོའི་དྲ་ཚིགས་ནས་མཁྱེན་ཐུབ་པས་དེ་ལུགས་ཐུགས་ཞིབ་གནང་རོགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས།

Share this:
༡༤༠ ཀློག་གྲངས།