ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཚོགས་འདུ།

ཚོགས་འདུའི་ཐོག་དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་དོན་ཚན་ཁག་ལྔའི་ཐོག་ཏུ་བཀའ་སློབ་སྩལ་ཡོད་པ་ནི། ནགས་ཚལ་དང༌། ཆུ། རི་སྐྱེས་སྲོག་ཆགས་བཅས་སྲུང་སྐྱོབ། གད་སྙིགས་དོ་དམ། ནམ་ཟླའི་འགྱུར་ལྡོག་གི་མཛུབ་སྟོན་བཅས་ཀྱི་སྐོར་ཡིན་པ་རེད། ཁོང་གིས་གསུངས་དོན། བཀའ་བརྒྱུད་པ་ལ་མཚོན་ན་གནས་དབེན་པ་ཚང་མ་ནི་བཀའ་བརྒྱུད་མེས་པོ་རྣམས་ཀྱི་དགོན་པ་ཡིན་པས་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་ལ་སྦག་བཙོག་མི་ཡོང་བའི་སྔོན་འགོག་དང༌། གཏོར་བཤིག་བཏང་ཟིན་པ་རྣམས་ཉམས་གསོ་ཡོང་བར་ཤུགས་སྣོན་འཕར་མ་རྒྱག་དགོས་ཞེས་དང༌། ལྷག་པར་དུ་ནང་ཆོས་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྒྱུན་རིང་གོམས་སྲོལ་ལྡན་ཡོད་པའི་གནས་ལུགས། ཁོར་ཡུག་སྲུང་སྐྱོབ་ཀྱི་ང་ཚོའི་འོས་འགན་སོགས་ཀྱི་སྐོར་ལ་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད། དེ་བཞིན་ཁོང་གིས་དམར་ཟས་སྤོངས་ཐབས་སྐོར་ལ་ཡང་བཀའ་སློབ་གནང་ཡོད་པ་རེད། ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་ནི། བཀའ་བརྒྱུད་པའི་དགོན་པ་ཁག་ནས་ཕེབས་པའི་དགེ་འདུན་པ་རྣམས་ལ་སྤྱིར་བཏང་བོད་མཐོ་སྒང་གི་ས་ཆའི་ཁོར་ཡུག་གི་གནས་ཚུལ་སྐོར་སྦྱོང་བརྡར་སྤྲོད་རྒྱུ། དགོན་སྡེ་ཁག་ནས་བྱེད་ཐུབ་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་སྐོར་གྱི་ལས་འགུལ་རྩོམ་རྒྱུ་སོགས་ཡིན་འདུག། དེ་བཞིན་གློག་བརྙན་དང་པར་རིས་ཀྱི་ལམ་ནས་སློབ་སྟོན་གནང་བ་དང༌། དེ་རྗེས་འཛུལ་ཞུགས་པ་རྣམས་ནས་བསམ་ཚུལ་བརྗེ་ལེན་དང་ཕན་ཚུན་དྲི་བ་དྲིས་ལན། གཞན་ཡང་ཁོར་ཡུག་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་སྟེང་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་ལྷུག་པོ་གནང་མཐར་ཚོགས་ཆུང་སོ་སོའི་སྙན་ཐོ་སྒྲོགས་སྦྱོང་གནང་ནས་ད་ལྟའི་ཁོར་ཡུག་གི་དཀའ་ངལ་དང་དེ་སེལ་ཐབས་སོགས་བརྗོད་ཡོད་པ་རེད།།
ཝཱ་ཎ་ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།

Share this:
༧༢ ཀློག་གྲངས།