༄༅།།དཔལ་བསམ་ཡས་གཙུག་ཁང་གི་དུས་མཆོད་ཁག་དང་ཁྱད་པར་སྤྲེལ་ལོའི་སྨོན་ལམ་ཆེན་མོའི་བྱུང་རིམ་རགས་བསྡུས།


གར་ཨོནྟ་ཏ་པུའུ་རིའི་གཙུག་ལག་ཁང་ལ་ དཔེ་མཛད་དེ་འདུལ་བའི་ལུགས་སུ་གཙུག་ལག་ཁང་དང་། མདོ་སྡེའི་ལུགས་སུ་ཞིང་ཁམས་ཆེན་པོའི་ཚུལ། མངོན་པའི་ལུགས་སུ་རི་རབ་གླིང་བཞི་ཉི་ཟླས་བརྒྱད་པའི་རྒྱ་གར་རྡོ་རྗེ་གདན་དང་ ཆོས་མཚུངས་པའི་བོད་ཀྱི་དགོན་པ་དང་པོ་ཡིན་ལ། ད་བར་ལོ་ངོ་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ་ང་ལྔ་ཙམ་གནས་པའི་སངས་རྒྱས་ཀྱི་བསྟན་ པའི་ཆུ་འགོ དགེ་འདུན་གྱི་སྡེ་ཡི་ཐོག་མ། རྒྱ་གར་འཕགས་པའི་ཡུལ་གྱི་བཀའ་བསྟན་བོད་ལ་བསྒྱུར་ས། རྒྱ་བོད་མཁས་གྲུབ་དུ་མས་ཞབས་ཀྱིས་བཅགས་པའི་གདན་ས། བསྟན་པ་ཕྱི་དར་དུས་ལའང་བྷོ་ཊའི་ལྗོངས་ཀྱི་རིས་མེས་བསྟན་པའི་བདག་པོ་དང་། མིའི་དབང་པོ་རྣམས་ཀྱིས་ཉམས་གསོ་དང་འཛུགས་སྐྲུན་གྱིས་ནང་པའི་གྲུབ་མཐའ་ཁག་གི་ གཞི་རྟེན་བཙུགས་པ་སོགས་གྲུབ་མཐའ་རིས་མེད་ཀྱི་བཤད་སྒྲུབ་ལས་གསུམ་གྱི་འཁོར་ ལོས་དུས་འདའ་བར་མཛད་པའི་གནས་མཆོག་ཁྱད་པར་ཅན་རྡོ་རྗེ་གདན་གཉིས་པ་དཔལ་བསམ་ཡས་ མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་སྙན་པའི་གྲགས་པ་འཇིག་རྟེན་ཀུན་ ལ་གྲགས་བཞིན་ཡོད།།

   བོད་ཟླ་དང་པོའི་ཚེས་༡༠—-༡༡བར་བསམ་ཡས་ཚེས་བཅུའི་ལྷ་མཆོད་ཆེན་མོ་དང་། བོད་ཟླ་གསུམ་པའི་ཚེས་༡༩—-༣༠བར་དཔལ་ཀྱེེ་རྡོ་རྗེའི་སྒྲུབ་མཆོད་དང་རབ་གནས། བོད་ཟླ་ལྔ་པའི་ཚེས་༡༥—-༡༨བར་མདོ་སྡེ་ལྷ་མཆོད་ཆེན་མོ། བོད་ཟླ་བདུན་པའི་ཚེས་༢༠—-༣༠བར་ཕུར་པའི་སྒྲུབ་མཆོད་དང་རྩ་འཆམ་ཆེན་མོ། བོད་ཟླ་དགུ་པའི་ཚེས་༡༥—-༣༠བར་བླ་མ་གསང་བ་སྙིང་པོའི་སྒྲུབ་མཆོད། ཡར་ངོ་མར་ངོའི་དུས་མཆོད་ཁག་ལ་ཀློང་ཆེན་སྙིང་ཐིག་གི་ཆོ་ག་དང་། ཀར་གླིང་ཞི་ཁྲོ། ནཱ་རོ་མཁའ་སྤྱོད། གསང་བ་འདུས་པ། སྨིན་གླིང་རྡོར་སེམས། སྨན་ཆོག་ཡིད་བཞིན་དབང་རྒྱལ་སོགས་མདོར་ན་དུང་རྒྱ་གླིང་རྔ་རོལ་མོ་ཡན་ཡང་རང་ སོའི་བློ་གྲོས་དང་བཞེད་འདོད་ཀྱིས་མ་བསླད་པ་དང་། དམ་པ་གོང་མའི་ཕྱག་བཞེས་མ་འཆོར་བར་དམངས་གཙོའི་བཅོས་བསྒྱུར་གོང་ལྟར་མི་ཉམས་ པར་གནས་ཡོད་ལ། ལྷག་པར་སྤྲེལ་ལོར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དུས་ཆེན་ཁྱད་པར་ཅན་ ཞིག་ཡིན་སྟབས། སྔ་སྲོལ་ལྟར་ན་བསམ་ཡས་གཙུག་ལག་ཁང་དུ་ཚེས་བཅུ་དང་མདོ་སྡེའི་དུས་ཆེན་གཉིས་ ཀྱི་ཆོས་ལུགས་འདུ་ཚོགས་དང་འབྲེལ། བྲོ་གཞས་དང་རྟ་རྒྱུགས་མི་རྒྱུགས་སོགས་བྱེད་སྒོ་སྣ་ཚོགས་སྤེལ་སྲོལ་ཡོད་པ་མ་ ཟད། བོད་ཟླ་དྲུག་པའི་ཚེསཨ༩—-༡༠བར་རྡོ་བྲག་དགོན་དང་། སྨིན་གླིང་དགོན། གྲྭ་ལྡི་སྒོ་ཕྱེ་དགོན། གོང་དཀར་ཆོས་སྡེ་དགོན།  རྭ་སྨན་དགོན། དྭགས་པོ་གྲྭ་ཚང། མངའ་རིས་གྲྭ་ཚང་སོགས་མངའ་དྭགས་རྒྱལ་གསུམ་གྱི་དགོན་སྡེ་ཁག་གི་རིས་མེད་བླ་ སྤྲུལ་དང་འདུས་དམངས་ནས་གླིང་བཞི་གླིང་ཕྲན་ཁག་ལ་རྒྱལ་བསྟན་དར་ཞིང་འགྲོ་རྣམས་ བདེ་བ། འཇིག་རྟེན་ཁམས་སུ་ནད་མུག་འཁྲུག་རྩོད། སད་སེར་རྩ་ཐན་ཞི་བ། འཛམ་གླིང་ཁག་མི་རིགས་རྣམས་ཞི་བདེའི་དཔལ་ལ་རོལ་བའི་སྨོན་ལམ་ཉིན་བདུན་གནང་ ཚུལ་ཁག་དམངས་གཙོའི་བཅོས་བསྒྱུར་གོང་བར་མི་ཉམས་པར་གནས་ཡོད་པ་དང་། གྲུབ་མཐའ་རིས་མེད་ཀྱི་སྤྲེལ་ལོའི་སྨོན་ལམ་ཚོགས་སྲོལ་འདི་ནི་ལོ་རྒྱུས་ཐོག་ འབྱུང་དཀོན་པའི་བསྟན་པ་ཐམས་ཅད་འགའ་མེད་དུ་རྟོགས་པའི་ལག་ལེན་ཐོག་སྟོན་པ་སངས་ རྒྱས་ཀྱི་དགོངས་པ་དང་མཐུན་པ། ཆོས་ལུགས་ཐོག་གྲུབ་མཐའ་ཕན་ཚུན་དབར་གྱི་མཐུན་སྒྲིལ་ལ་ནུས་པ་ཆེན་པོ་ཐོན་ངེས་ ཡིན་པ་མ་ཟད། རྒྱལ་བསྟན་ཉིན་མོར་བྱེད་པའི་སྣང་བས་བོད་ཡུལ་མུན་པའི་གླིང་ལྟ་བུ་འདི་ཡང་ཕན་ བདེའི་སྣང་བ་མཆོག་གི་དཀར་པོར་མཛད་པ་དེ་དག་རྣམས་མཁན་སློབ་ཆོས་གསུམ་གྱི་བཀའ་ དྲིན་ཁོ་ན་ལས་མ་འདས་པས་གྲུབ་མཐའ་ཀུན་གྱིས་རྗེས་དྲན་ཞུ་བའི་དོན་སྙིང་ཆེན་པོ་ ལྡན་ཡོད་པ་བཅས་རགས་བསྡུས་ཙམ་ངོ་སྤྲོད་ཞུས་པ་ལགས་སོ།།

  བཀྲ་ཤིས་ངོ་མཚར་བསམ་ཡས་ཆོས་ཀྱི་མཛོད   ཐུགས་ཀྱིམི་འགྱུར་ཟན་ཡངས་རྡོ་རྗེ་གདན།།

 ལྷུན་གྲུབ་འཛམ་གླིང་མཛེས་པའི་མཆོད་སྡོང་འདི།། ནམ་ཡང་མི་འགྱུར་རྟག་བརྟན་དར་རྒྱས་ཐོག།།།

                                                                                             དབང་འདུས་ཀྱིས་ཞུ་དག་བྱས།

Share this:
༢༠༣ ཀློག་གྲངས།