ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་ཀྱི་དཔེ་དེབ་གསར་ཐོན།

ལས་གཞི་འདིའི་སྐོར་དེ་སྔོན་བཀའ་ཤག་ནས་ཚོགས་འདུ་ཐེངས་མང་འཚོགས་ནས་འགན་གཙོ་བོ་ཤེས་རིག་ལས་ཁུངས་ཀྱིས་ཁུར་དགོས་པའི་བཀའ་བསྡུར་གནང་ནས་ཐག་གཅོད་བྱུང་བ་ཞིག་ཡིན་པ་དང༌། དེའི་ནང་དུ་ཐོག་མར་མཉམ་ཞུགས་སྡེ་ཁག་བདུན་ཡོད་པ་དང༌། དེ་དག་ནི་ཤེས་རིག་ལས་ཁུངས་དང༌། བོད་ཀྱི་དཔེ་མཛོད་ཁང༌། སྨན་རྩིས་ཁང༌། ནོར་བུ་གླིང་ཁ། ཟློས་གར་ཚོགས་པ། ཤེས་བྱ་ཀུན་བཏུས། དྷ་ས་རིགས་སློབ་མ་ལག་བཅས་ཡིན་པ་རེད། དེ་དག་སོ་སོའི་ལས་རིགས་དང་འཚམས་པའི་བརྗོད་གཞི་འདེམས་གསེས་བྱས་ཡོད་པ་དང༌། རང་འདོད་ཀྱིས་བརྗོད་གཞི་འབུལ་བཞེས་གནང་བ་ཞིག་རེད། སྡེ་ཚན་ཁག་སོ་སོ་ནས་གསར་བསྒྱུར་བྱས་པའི་བརྡ་ཆད་རྣམས་མཐའ་མའི་གཏན་འབེབས་ཚོགས་ཆུང་ལ་ཕུལ་ནས་གཏན་འབེབས་བྱས་པ་ཞིག་དང༌། དེ་ཡར་བཀག་ཤག་ལ་ཕུལ་ནས་བཀའ་ཤག་གིས་དཔར་སྐྲུན་དང་འགྲེམས་བྱེད་འཐུས་ཀྱི་བཀའ་ལན་གནང་ནས་འགྲེམས་སྤེལ་བྱེད་པའི་ས་ཚིགས་ལ་སླེབས་པ་རེད། མུ་མཐུད་དེབ་གཉིས་པ་དང་གསུམ་པ་བཅས་མ་མཐར་ལོ་གཅིག་ལ་དེབ་གཅིག་རེ་འདོན་ཐུབ་པ་དང་འདོན་དགོས་པ་ཆགས་ཀྱི་ཡོད་རེད། དེ་རིང་འདི་ཐེངས་མ་དང་པོ་ཡིན་སྟབས་གསར་འགོད་པ་རྣམས་བསྐོངས་ནས་སྤྱི་ཚོགས་ཐོག་དོ་སྣང་ཡོང་ཆེད་དང༌། སློབ་གྲྭ་དང་འཛིན་སྐྱོང་སྡེ་ཚན། ཤེས་ཡོན་ཅན། རྩོམ་པ་པོ། གསར་འགྱུར་བརྒྱུད་ལམ་སོགས་ཚང་མར་ཁྱབ་ཐུབ་དགོས་པ་དེ་དམིགས་ཡུལ་གཅིག་དང༌། གཅིག་གྱུར་དགོས་པ་གལ་ཆེན་ཡིན་སྟབས་ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་སྐད་ཡིག་གཅིག་པ་སྨྲ་མཁན་རྣམས་ལ་ཕུལ་ནས་དེའི་ཐོག་དགོངས་འཆར་དང༌། ང་ཚོའི་དེབ་འདི་ནང་བཞིན་ངོས་ལེན་མ་བྱས་རུང༌། ལས་གཞི་འདི་གལ་ཆེན་པོ་ཡིན་པ་མཐོང་བ་ཙམ་བྱུང་ན་བསམ་པ་དེ་དམིགས་ཡུལ་གཉིས་པ་དེ་ཡིན། འདིའི་ཐད་བཙན་བྱོལ་དུ་ཐ་སྙད་བེད་སྤྱོད་བྱེད་དགོས་པའི་བཀོད་ཁྱབ་གནང་ཐུབ་པ་ཞིག་ཡིན་ཡང༌། ཧི་མ་ལ་ཡའི་རི་རྒྱུད་དང་བོད་ནང་དུ་དེ་ལྟར་བྱེད་ཐབས་མེད་པས་པར་ཕུད་འབུལ་ཐབས་བྱས་ནས་དེའི་ཐོག་ལ་གནད་འགག་ཅིག་མཐོང་ཐུབ་ན་བསམ་པ་རེད། མ་འོངས་པར་ལས་གཞི་འདིའི་ནང་དུ་སྡེ་ཁག་གཅིག་པུ་མིན་པར་མི་སྒེར་མཉམ་ཞུགས་བྱེད་མཁན་ཐབས་འཚོལ་བྱེད་རྒྱུ་ཡིན། སྤྱིར་གཏན་འབེབས་བྱས་པའི་བརྡ་ཆད་དེ་བཞིན་རལ་གྲི་གནམ་གཡུགས་ཀྱིས་མཐའ་གཅིག་ཏུ་ཐག་གཅོད་བྱས་པ་ཞིག་མ་ཡིན་པར། མུ་མཐུད་ཡར་རྒྱས་དང་སྤྱི་ཚོགས་ཀྱི་གྲལ་རིམ་གང་ས་ནས་དགོངས་ཚུལ་བསྡུ་ལེན་དང་ཚགས་ཚུད་དུ་གཏོང་བའི་དམིགས་ཡུལ་ཡོད་ཚུལ་ཡང་གསུངས་སོང༌།
    ཆེས་མཐོའི་གཏན་འབེབས་ཚོགས་ཆུང་ངམ་མཐའ་མའི་གཏན་འབེབས་ཚོགས་ཆུང་གི་ཚོགས་གཙོ་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང༌། ཚོགས་མི་དང་ཚོགས་དྲུང་གཅིག་ལྕོགས་ཨཱཙཱརྱ་ཀརྨ་སྨོན་ལམ་ལགས། ཚོགས་མི་གཞན་སྨན་རམས་པ་པདྨ་རྡོ་རྗེ་ལགས། བློ་བཟང་ནོར་བུ་ཤཱསྟྲི་ལགས། བློ་བཟང་བསྟན་དར་ལགས་བཅས་ཡིན་པ་རེད།།

Share this:
༢༧༤ ཀློག་གྲངས།