ལྐོག་གཏམ་ནང་གི་ྋཏཱ་ལའི་བླ་མ།

    ཉིན་འགའི་སྔོན་དུ་ང་དང་ངའི་རོགས་པ་ངེད་གཉིས་རྒྱ་གཞུང་གི་བཀག་བསྡོམས་ཀྱི་རྒྱ་ལས་བརྒལ་ཏེ་བོད་ཀྱི་ས་ཁུལ་དེར་བདེ་ཐང་ངང་འབྱོར་ཐུབ་སོང༌། སྐབས་དེར་བོད་ཀྱི་ས་ཁུལ་དུ་ངེད་གཉིས་ལ་མཐོང་ཚུལ་གང་བྱུང་བ་རྣམས་ནི་འདི་ལྟར་རེད། མཐོ་སྒང་དེར་བཞེངས་ཡོད་པའི་དགོན་ཆེན་གྱི་རྒྱལ་སྒོའི་ཉེ་འགྲམ་དུ་བསྐྱོད་པ་ན། ལུས་ལ་གྲྭ་ཆས་དམར་པོ་གྱོན་པའི་གྲྭ་པ་རྣམས་རྒྱལ་སྒོའི་སྒྲོམ་སྟེགས་ཀྱི་རྒྱབ་ཏུ་བསྡད་འདུག ང་དང་ངའི་རོགས་པ་ངེད་གཉིས་ཀྱིས་ལག་འཛིན་པ་སི་གཉིས་ཉོས་ཏེ་རྒྱལ་སྒོའི་ནང་དུ་བསྐྱོད་པ་ན། ལྷ་ཁང་དེའི་མཐའ་ཡོངས་རྫོགས་རླུང་རྟ་དང་རི་ཡིས་བསྐོར་ནས་འདུག་ལ། ང་ཚོས་གྲྭ་པ་འགའ་ལ་སྐད་ཆ་བཤད་ཡོད་པ་དེ་ནས་གྲྭ་པ་དེ་དག་ལ་ཉེན་ཁ་མི་ཡོང་བའི་ཆེད་དུ། དགོན་པ་འདིའི་མིང་དང་གནས་སྟངས་སོགས་གསལ་ཁ་མི་འདོན་རྒྱུའི་གྲོས་ཐག་བཅད་པ་ཡིན།
    དགོན་པའི་མཐའ་འཁོར་ན་ལུས་ལ་གོས་ཐུང་སོགས་གྱོན་ཆས་སྤུས་ལེགས་གྱོན་པའི་མི་མང་པོ་ལངས་ནས་བསྡད་འདུག འདི་ནི་རྒྱ་ནག་གཞུང་གིས་ལོ་སྔོན་མའི་ངོ་རྒོལ་ཟིང་འཁྲུག་གྱི་ཉམས་མྱོང་འོག་ནས། འདི་ལོ་ཡང་བསྐྱར་དེ་ལྟར་མི་ཡོང་བའི་ཆེད་དུ་ཉེན་རྟོག་པ་རྣམས་མི་མངོན་པའི་ཐོག་ནས་བརྟག་དཔྱད་ཞིབ་འཇུག་བྱེད་མཁན་དུ་བཞག་པ་ཞིག་རེད། ང་དང་ངའི་རོགས་པ་ངེད་གཉིས་རང་དབང་གི་ཐོག་ནས་དགོན་པའི་འདུ་ཁང་ཆེན་པོ་དང་ཆོས་གྲྭའི་ནང་བསྐྱོད་སྐབས། གྲྭ་པ་གཅིག་ཁེར་རྐྱང་ངང་ལངས་ནས་བསྡད་ཡོད་པ་ཞིག་དང་འཕྲད་བྱུང་བ་ལས། གཞན་མི་སུ་གཅིག་ངེད་གཉིས་ལ་ལྟ་མཁན་དང་སྐད་ཆ་འདྲི་མཁན་མ་བྱུང༌། ངེད་གཉིས་གོ་སྐབས་འདི་ཁོ་ནའི་ཆེད་དུ་སྤྱི་ལེ་ཕལ་ཆེར་སྟོང་ཕྲག་གཅིག་ཙམ་སར་འགྲུལ་བཞུད་བྱས་པ་ཡིན།
    ངེད་གཉིས་ཀྱིས་གྲྭ་པ་དེར། ང་ཚོས་གོ་ཐོས་ལ་ལོ་སྔོན་མར་ས་ཆ་འདིའི་གཡས་གཡོན་ལ་དཀའ་ངལ་ཁ་ཤས་བྱུང་ཡོད་པ་རེད་ཟེར་གྱི་འདུག ད་ལྟའི་གནས་སྟངས་ལྷིང་འཇགས་རེད་དམ་ཞེས་དྲིས་པས། གྲྭ་པ་དེས་སྐད་ཤུགས་ཆུང་ཆུང་ངང་ནས་གང་ཡང་འབྱུང་གི་མ་རེད། ང་ཚོ་ཚང་མ་དྲག་པོའི་ཐོག་ནས་མགོ་གནོན་བཞིན་ཡོད་པ་རེད་ཟེར། ངེད་གཉིས་ཀྱིས། དེང་སྐབས་འདིར་རྗེས་འདེད་ཀྱི་སོ་ལྟ་བྱེད་མཁན་མང་པོ་འདུག་གམ་དྲིས་པས། གྲྭ་པ་དེས། འདུག སྟངས་འཛིན་བྱེད་ཀྱི་འདུག་ཟེར། ཁྱེད་རང་ཚོར་སུས་སྟངས་འཛིན་བྱེད་ཀྱི་འདུག་དྲིས་པས། དབུས་གཞུང་གིས་བྱེད་ཀྱི་འདུག་ཟེར། ངེད་གཉིས་ཀྱིས། ཁྱེད་རང་གིས་ནམ་ཞིག་ྋཏཱ་ལའི་བླ་མ་ཕྱིར་ལོག་ཡོང་གི་རེད་བསམ་གྱི་འདུག་གམ་ཞེས་དྲིས་པས། གྲྭ་པ་དེས་མགོ་གཡུགས་གཡུགས་བྱས་ཏེ། ཁོང་ཕྱིར་ལོག་ཡོང་གི་རེད། ཁོང་ཕྱིར་ལོག་ཡོང་གི་རེད་ཅེས་ངེད་གཉིས་ལ་ལྐོག་ལབ་བྱས་བྱུང༌།
    གྲྭ་པ་ཁེར་རྐྱང་དེའི་ལྐོག་ལབ་དེ་ནི་ྋཏཱ་ལའི་བླ་མ་དགོན་གནས་འདིར་ཕེབས་ཐུབ་རྒྱུའི་རྒྱབ་སྐྱོར་གྱི་སྐད་ཤུགས་ཆེན་པོ་ཞིག་རེད། ཡིན་ན་ཡང་རྒྱ་ནག་གཞུང་ངོས་ནས་ྋཏཱ་ལའི་བླ་མ་རུལ་སུངས་དང་ཞིང་བྲན་ལམ་ལུགས་རྒྱུད་འཛིན་བྱེད་མཁན། མི་ལོ་༥༠ རིང་བོད་མེས་རྒྱལ་དང་ཁ་བྲལ་གཏོང་ཐབས་བྱེད་མཁན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། དེ་ནས་ཡུན་རིང་མ་སོང་བར་ངེད་གཉིས་བོད་ཀྱི་དགོན་གནས་གཉིས་པ་དེར་བསྐྱོད་པ་ཡིན། གྲྭ་པ་ལོ་གཞོན་གཉིས་ཀྱིས་ངེད་གཉིས་འདུ་ཁང་ནང་བསྐྱལ་རོགས་གནང་ཞིང༌། སྐབས་དེར་ཁོང་ཚོས་མཆོད་གཤོམ་ཐོག་ཡོད་པའི་ྋཏཱ་ལའི་བླ་མའི་སྐུ་པར་ངེད་གཉིས་ལ་མིག་སྟོན་བྱས་བྱུང་ཡང༌། རྒྱ་མིའི་ཉེན་རྟོག་པ་ག་དུས་སླེབས་སོང་ན་གྲྭ་པ་ཚོས་སྐུ་པར་དེ་ངེས་པར་དུ་གསང་སྦས་བྱེད་དགོས་ཀྱི་འདུག དེའི་ནང་ནས་གྲྭ་པ་གཅིག་གིས། རྒྱ་མིའི་ཉེན་རྟོག་པ་ཡང་ཡང་ཡོང་གི་འདུག ང་ཚོ་ལ་དཀའ་ངལ་རིགས་ཀྱི་ལས་ཀ་གང་ཡང་བྱེད་ཆོག་གི་མེད་ཟེར་གྱི་འདུག རྒྱུ་མཚན་འདིས་ང་ཚོས་སྐུ་པར་གསང་སྦས་བྱེད་ཀྱི་ཡོད་པ་ལས། དེ་མིན་ང་ཚོར་ཉེས་ཆད་གཏོང་གི་རེད་ཟེར། ཡང་མུ་མཐུད་ནས། ཉེན་རྟོག་པས་རྒྱུན་ལྡན་ས་ཆ་གང་དུ་སྔོག་བཤེར་བྱེད་ཀྱི་མེད་ན་ང་ཚོས་དེར་སྐུ་པར་ཡུན་རིང་པོར་གསང་ཉར་བྱེད་ཀྱི་ཡོད་སྟབས་ང་ཚོ་བདེ་འཇགས་ངང་གནས་ཐུབ་ཀྱི་འདུག་ཅེས་ཟེར།
    དེ་ནས་ང་ཚོ་གྲང་ངར་ཆེ་བའི་རི་ཀློང་བརྒྱུད་དེ་ཕྱི་ལོ་༡༩༣༥ ལོར་ྋཏཱ་ལའི་བླ་མ་འཁྲུངས་སའི་གྲོང་གསེབ་ཕྱོགས་སུ་བསྐྱོད་འགོ་ཚུགས། ལམ་ཟུར་དུ་ལྕགས་སྐྱ་མདོག་གི་སྒོ་ཆེན་ཕྱེད་ཙམ་ཕྱེས་ཡོད་པ་དེར་ང་ཚོས་རླངས་འཁོར་བཀག་སྐབས་དེ་ནི་ྋཏཱ་ལའི་བླ་མ་འཁྲུངས་སའི་ས་ཆ་རེད་འདུག བོད་པའི་བུད་མེད་གཅིག་ཁང་པའི་ཕྱི་རོལ་དུ་ལངས་བསྡད་པ་ཞིག་གིས་ངེད་གཉིས་ལ། ས་ཆ་འདི་ཁོང་འཁྲུངས་ས་རེད། ལོ་སྔོན་མར་རྒྱ་གཞུང་གིས་ས་ཆ་ཡོངས་རྫོགས་བསྐྱར་བསྐྲུན་བྱས་སོང་བས་དེང་སྐབས་སྔོན་མ་ནང་བཞིན་མཐོང་ཐུབ་ཀྱི་ཡོད་རེད་ཅེས་བརྗོད་བྱུང༌། སྒོའི་རྒྱབ་ཏུ་ང་ཚོས་ཁང་པའི་ར་བ་མཐོང་ཐུབ་ཀྱི་འདུག་པ་དེར་བོད་ལུགས་ཀྱི་གསེར་གྱི་རྒྱ་ཕིབས་སོགས་བཞེངས་འདུག ཡིན་ནའང་རྒྱ་གཞུང་གི་མི་དམངས་བདེ་སྲུང་དོན་གཅོད་ལས་ཁུངས་ཀྱི་ཉེན་རྟོག་པས་ཉིན་ལྟར་ས་ཆ་དེར་གསང་ཉུལ་བྱེད་ཀྱི་ཡོད་པ་དང༌། ཁོ་ཚོས་ཕྱི་རྒྱལ་སུ་ཡིན་རུང་ནང་དུ་གཏོང་མི་ཆོག་པར་བཙན་བཀའ་བཏང་བས། ང་དང་ངའི་རོགས་པ་ངེད་གཉིས་ནང་ལོག་ཏུ་འགྲོ་ཐབས་བྲལ་བ་ཞིག་རེད་ལ། སྐབས་དེར་འགྲུལ་སྐྱེལ་རླངས་འཁོར་ཞིག་གི་སྒོ་ནས་བོད་རིགས་ལོ་ཚོད་དར་ལ་བབས་པ་བཞི་སླེབས་བྱུང་བས། ཁོ་ཚོས་སྐྲག་སྣང་དང་ཚོར་སྣང་ཆེན་པོའི་ངང་ནས་ལྕགས་ཀྱི་སྒོ་ཆེན་དེ་བརྡུང་ནས། ཞོར་དུ་ངེད་གཉིས་ལ། ཁོ་ཚོ་མཚོ་སྔོན་པོ་ནས་ཆུ་ཚོད་མང་པོར་རླངས་འཁོར་བཏང་ནས་འདིར་ཁོ་ཚོའི་དད་གུས་བྱེད་སའི་དཀོན་མཆོག་ལྟ་བུ་དེའི་འཁྲུངས་ཡུལ་ལ་མཇལ་དུ་ཡོང་ཡོད་ཅེས་བརྗོད་བྱུང༌། དེ་ནས་སྒོ་སྲུང་བ་དེས་ཁོ་ཚོ་ནང་ལ་བཏང་སོང༌། ང་དང་ངའི་རོགས་པ་ངེད་གཉིས་སྒོའི་ཕྱི་ལོག་གི་གྲང་རླུང་ཁྲོད་རེ་སྒུག་བྱས་ནས་བསྡད་པ་ཡིན། སྤྱིའི་ཆ་ནས་རྒྱ་གཞུང་གིས་ྋཏཱ་ལའི་བླ་མ་འཇིགས་སྐུལ་རིང་ལུགས་པ་སོགས་རེད་ཟེར་ནས་ཁ་རྡུང་གཏོང་གི་ཡོད་ཀྱང༌། རྒྱང་ཐག་ཤིན་ཏུ་རིང་བའི་ཁོང་འཁྲུངས་སའི་ཕོ་བྲང་དེར་བོད་མི་ཚོ་གནས་སྐོར་ལ་གཏོང་གི་ཡོད་པས། ང་ཚོ་ནང་ལོག་ལ་འགྲོ་ཐབས་སུ་དུས་ཚོད་གང་འཚམས་གྲང་རླུང་གི་ཁྲོད་དུ་རེ་སྒུག་བྱེད་འདོད་བྱུང༌། ཡིན་ནའང་གྲོང་གསེབ་ཀྱི་ཡུལ་མི་ཚོས་ཉེན་རྟོག་པ་གཞུང་ལམ་ནས་ཡོང་གི་འདུག་ལབ་བྱུང་བས། དེ་ནས་ངེད་གཉིས་ཀྱིས་ལྕགས་སྐྱ་མདོག་གི་སྒོ་དང་གསེར་གྱི་རྒྱ་ཕིབས་སོགས་རྒྱབ་ཏུ་གཡུགས་ནས་ཐོན་འགོ་བཙུགས་པ་ཡིན།། ལི་ཐང་འཇམ་བཟོད་ཀྱིས་བོད་བསྒྱུར་བྱས།

 

Share this:
༢༦༢ ཀློག་གྲངས།