ཁྲོམ་ར་རྒྱ་ཆུང་དྲགས་པ་དང་འོད་སྡེར་རྫུན་མ་ཉོ་ཚོང་བྱེད་མཁན་མང་བའི་དཀའ་ངལ་འདུག

དྲི་བ། བོད་ཀྱི་གཞས་པ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ག་རེ་རེད་བསམ་གྱི་འདུག
ལན། སྤྱིར་གཞས་པ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་གཙོ་བོ་དེ་འགྱུར་ཁུག་ལྡན་པའི་སྐད་ངག་ཅིག་དང་བློ་རིག་རྣོན་པོ་ཞིག་དགོས་པ་ནི་བཤད་མི་དགོས་པ་དང༌། མི་མི་ཉུང་བ་ཞིག་ལ་སེམས་འགུལ་ཐེབས་ཐུབ་པའི་སྒྱུ་རྩལ་གྱི་ནུས་པ་ཞིག་ཀྱང་དགོས་ངེས་རེད། ང་ཚོས་ཤེས་གསལ་ལ་སྒྱུ་རྩལ་བ་ཟེར་བ་ནི་རང་མི་རིགས་དང་མི་མང་རྣམས་ཀྱི་སེམས་པ་ཁ་ལོ་བསྒྱུར་མཁན་གཙོ་བོ་ཞིག་ཆགས་ཡོད་དུས། བོད་ཀྱི་གཞས་པ་ཞིག་ལ་མཚོན་ན་ཐོག་མར་རང་མི་རིགས་ཀྱི་རིག་གཞུང་ལ་རྒྱུས་མངའ་ཡོད་པ་ཞིག་དང༌། ང་ཚོའི་གནས་བབ་ལ་གཞིགས་པའི་མི་རིགས་དང་རྒྱལ་ཁབ་ལ་བཅོས་མིན་གྱི་ཤ་ཚ་ཞིག་དགོས་པ་གལ་ཆེན་པོ་མཐོང་གི་འདུག
དྲི་བ། ཁྱེད་ཀྱི་འོད་སྡེར་དང་པོ་༼ཁུ་བྱུག༽ཅེས་པ་དེ་སྤྱི་ཚོགས་ནང་དུ་སྐད་གྲགས་ཆེན་པོ་ཆགས་འདུག དེའི་རྒྱུ་མཚན་ག་རེ་རེད་བསམ་གྱི་འདུག
ལན། འོད་སྡེར་བཟོ་རྒྱུ་ནི་རང་གི་ཕུགས་བསམ་དང་སྙིང་སྟོབས་ཤིག་ཡིན་དུས། མཚན་མོའི་རྨི་ལམ་ནང་དུའང་ཐེངས་མང་པོ་བཏང་མྱོང༌། བྱས་ཙང་ང་རང་གི་ངོས་ནས་འོད་སྡེར་དང་པོ་༼ཁུ་བྱུག༽གི་ཐོག་ལ་དཀའ་ལས་བརྒྱབ་ནས། སྤྱི་ཚོགས་ནང་དུ་དགའ་པོ་བྱེད་དོན་དཀའ་ལས་བརྒྱབ་པའི་འབྲས་བུ་བཟང་པོ་ཞིག་རེད་བསམ་གྱི་ཡོད། ང་ཚོའི་ཁ་དཔེ་ལ། སྡུག་ཆུ་བོ་ཆེན་པོ་བརྒལ་ཐུབ་ན། སྐྱིད་སྤང་ཐང་བདེ་མོར་སླ་ལེ་རེད་ཟེར་བ་ནང་བཞིན་མེད་འགྲོ་བསམ་གྱི་ཡོད། གཉིས་ནས་ཁུ་བྱུག་གི་འོད་སྡེར་ཨ་མ་གཅིག་བལ་ཡུལ་དུ་བཙོང་བ་ཡིན། རྗེས་སུ་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་བོད་ནས་ཁ་པར་བརྒྱུད་འབྲེལ་བ་བྱུང་ནས། འོད་སྡེར་ཨ་མ་གཅིག་རྒྱཎཔྲྤྟཔྱ སྐྲྣསྣྲཕྲབོད་ནང་དུ་བཙོང་བ་ཡིན། རྒྱ་གར་དང་ཕྱི་རྒྱལ་ལ་ང་རང་གིས་བཀྲམ་པ་ཡིན། བྱས་ཙང་དེ་འདྲའི་སྒོ་ནས་ཁྱབ་བསྒྲགས་ཡག་པོ་ཕྱིན་པ་མིན་འགྲོ་དྲན་སོང༌།
དྲི་བ། གཞས་ཀྱི་འོད་སྡེར་གཉིས་པ་༼བསྟན་འཛིན་སྒྲོལ་མ།༽ཞེས་པ་དེ་ལ་ཁྱད་ཆོས་ག་རེ་ཡོད།
ལན། གཞན་ལས་ལྷག་པའི་དམིགས་བསལ་ཞིག་མེད་ན་ཡང༌། རང་རང་གི་ཁམས་དང་མོས་པ་ལ་གཞིགས་པའི་དེང་རབས་དང་སྲོལ་རྒྱུན། དབྱིན་ཇི་སོགས་གཞས་སྣ་ཚོགས་ཤིག་ཡོད། འོན་ཀྱང་གཙོ་བོ་རྒྱ་ཆེའི་མི་མང་རྣམས་ཀྱི་གཟིགས་ཚུལ་དང་བརྒྱ་ཆ་སྤྲོད་རྒྱུ་རེད་མ་གཏོགས། ངས་བཤད་ཁག་པོ་རེད།
དྲི་བ། ཁྱེད་རང་གི་གཞས་ཀྱི་ནང་དུ་དེང་རབས་དང་སྲོལ་རྒྱུན་གཉིས་ཀྱི་ཤུགས་རྐྱེན་གང་ཆེ་བ་ཡོད།
ལན། ངའི་གཞས་ཀྱི་ནང་དུ་དེང་རབས་ཀྱི་ཤུགས་རྐྱེན་ཆེ་ཙམ་ཡོད། ཡིན་ན་ཡང་ངའི་གཞས་ཕལ་ཆེ་བ་ཞིག་ལ་དེང་རབས་ཀྱི་ཁྱད་ཆོས་ཡོད་པ་གང་ཞིག་སྲོལ་རྒྱུན་གྱི་ཉམས་ཏོག་ཙམ་ཡོད་བསམ་གྱི་ཡོད།
དྲི་བ། བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་གཞས་པ་རྣམས་ཀྱི་དཀའ་ངལ་ཆེ་ཤོས་ག་རེ་རེད་བསམ་གྱི་འདུག
ལན། ངའི་མཐོང་ཚུལ་ལ། བཙན་བྱོལ་སྤྱི་ཚོགས་ནང་དུ་གཞས་པ་རྣམས་ཀྱི་དཀའ་ངལ་ཆེ་ཤོས་ནི། ཁྲོམ་ར་ཧ་ཅང་རྒྱ་ཆུང་དྲགས་པ་དང༌། འོད་སྡེར་རྫུན་མ་ཉོ་ཚོང་བྱེད་མཁན་མང་དྲགས་པའི་དཀའ་ངལ་དེ་རེད། བྱས་ཙང༌། གཞས་པ་རྣམས་ཀྱི་ཁྲག་རྣག་གིས་བསགས་པའི་དཀའ་སྡུག་དེ་ལ་བསམ་གཞིག་རེ་བྱས་ནས། མི་མང་རྣམས་ཀྱིས་འོད་སྡེར་དངོས་གནས་གཟིགས་པ་ཡིན་ན་གཞས་པ་རྣམས་ལ་རྒྱབ་སྐྱོར་ཨང་དང་པོ་དེ་རེད།
དྲི་བ། ཁྱེད་རང་གི་གཞས་སྙིང་སྡུག་བསྟན་འཛིན་སྒྲོལ་མ་ཞེས་པ་དེ་དམིགས་བསལ་བོད་ཕྱི་ནང་དུ་སྐད་གྲགས་ཆགས་དོན་གང་ཡིན་འགྲེལ་བཤད་བྱེད་རོགས།
ལན། དམིགས་བསལ་བོད་ཕྱི་ནང་གཉིས་སུ་སྐད་གྲགས་འགྲོ་དོན་ནི། དུས་རབས་ཉེར་གཅིག་པ་དེ་སྒྱུ་རྩལ་བ་ཞིག་གི་ངོས་ནས་བལྟས་ན་བརྩེ་དུང་གི་དུས་རབས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། ངའི་བརྩེ་དུང་གི་གཞས་འདི་ན་གཞོན་རྣམས་ཀྱི་སེམས་ཁམས་དང་མཐུན་ཞིང་བློ་དང་འཚམས་པ་ཞིག་ཆགས་པ་མིན་འགྲོ་བསམ་གྱི་ཡོད། གཉིས་ནས་ངའི་གྲོགས་པོ་ཚོས་ཚིག་དང་གདངས་གཉིས་ཆུ་དང་ཉ་མོ་འཕྲད་པ་ལྟ་བུའི་འཚམས་པོ་ཞེ་དྲག་འདུག་ཅེས་ལབ་སོང༌། གསུམ་ནས་མི་ཚང་མ་ལ་རང་རང་གི་སེམས་སུ་རྨི་ལམ་གྱི་བུ་མོ་རེ་ཡོད་པ་ནང་བཞིན། ང་རང་གི་སེམས་ཀྱི་སྣང་ཚུལ་གྱི་ངོ་བོ་རུ་བསྟན་འཛིན་སྒྲོལ་མ་བཞག་པ་ཡིན། གང་ཡིན་ཟེར་ན། བསྟན་འཛིན་སྒྲོལ་མ་ཟེར་བའི་བུ་མོ་ཞིག་ལ་ང་རང་ཆུང་དུས་ནས་སེམས་པ་ཤོར་མྱོང༌། བྱས་ཙང་ང་རང་གི་སེམས་ཐོག་མ་ཤོར་ས་བུ་མོ་དེ་ཡིན་དུས་དྲན་གསོའི་ཆེད་དུ་བཞག་པ་ཡིན།
དྲི་བ། ཁྱེད་ཀྱི་སྣང་བ་འགྲོ་ཤོས་བོད་ཀྱི་གཞས་པ་སུ་ཡིན།
ལན། གཡའ་དྭངས་དང༌། ཨ་མའི་བུ་ཆུང་བྱམས་པ་ཚེ་རིང་ཡིན།
དྲི་བ། མ་འོངས་པར་གླུ་གཞས་ག་འདྲ་གཏོང་རྒྱུའི་འཆར་གཞི་ཡོད།
ལན། ད་ལྟའི་ཆར་འབྲུག་གི་མཐོ་རིམ་མི་སྣ་ཞིག་གིས་རེ་སྐུལ་ཞུས་པ་བཞིན། འབྲུག་གི་སླད་དུ་འོད་སྡེར་ཞིག་བཟོ་རྒྱུའི་ཐོག་ལས་ཀ་བྱེད་བཞིན་ཡོད། མ་འོངས་པར་མུ་མཐུད་ནས་བོད་ཕྱི་ནང་གང་སར་ཁྱབ་ཐུབ་པའི་རྒྱལ་ཞེན་དང་བརྩེ་དུང་གི་གླུ་གཞས་སོགས་བརྙན་འཁོར་བལྟ་རྒྱུ་ཡོད་པ་བཟོ་འཆར་ཡོད། ཡིན་ན་ཡང་གནས་སྐབས་སློབ་སྦྱོང་བྱེད་བཞིན་ཡོད་དུས་དཀའ་ལས་ཏོག་ཙམ་འདུག
དྲི་བ། དྲི་བ་འདི་དག་ནང་དུ་མ་ཚུད་པའི་བསམ་ཚུལ་དང་འབོད་སྐུལ་ཞུ་རྒྱུ་འདྲ་ཡོད་དམ།
ལན། ད་ལྟ་བར་དུ་ང་རང་གི་གླུ་གཞས་བཏང་བའི་བརྒྱུད་རིམ་ནང་བོད་ཕྱི་ནང་གང་སར་བཞུགས་ཡོད་པའི་བོད་རིགས་རྒྱ་ཆེའི་མི་མང་མི་ཉུང་བ་ཞིག་གིས། དྲ་རྒྱ་དང་ཁ་པར་བརྒྱུད་ནས་བསྔགས་བརྗོད་དང་རྒྱབ་སྐྱོར་གང་འཚམ་མཐོན་པོ་གནང་བྱུང༌། དེར་བརྟེན། བོད་ཀྱི་བང་ཆེན་ཚགས་པར་བརྒྱུད་ནས་ཁྱེད་རྣམ་པ་ཚང་མ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།

Share this:
༡༤༦ ཀློག་གྲངས།