བྷང་ལ་ལྡེ་ཤིའི་བོད་དོན་རྒྱབ་སྐྱོར་བས་རྒྱ་ནག་ལ་ངོ་རྒོལ།

    དེ་ཡང་བོད་རང་བཙན་ཤོར་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་དང་བསྟུན་ནས་བྷང་ལ་ལྡེ་ཤིར་གསར་འཛུགས་བྱས་པའི་བྷང་ལ་ལྡེ་ཤིའི་བོད་རང་དབང་སློབ་ཕྲུག་ཚོགས་པས། བྷང་ལ་ལྡེ་ཤིའི་རྒྱལ་ས་རྡ་ཁཱར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་སྒོ་འགྲམ་དུ། སློབ་མ་གཙོ་བོར་གྱུར་པའི་རྒྱབ་སྐྱོར་བ་ཚོས་འཕྲེད་དར་སྟེང༌། བོད་ཞི་བདེའི་བསྟི་གནས་ཡིན། བོད་མིར་རང་དབང་དགོས། རྒྱ་ནག་གི་དྲག་སྤྱོད་མཚམས་འཇོག་བྱེད་རན་སོང་ཟེར་བ་སོགས་བྲིས་ཏེ་ངོ་རྒོལ་སྐད་འབོད་ཤུགས་ཆེར་བྱེད་སྐབས། ས་གནས་ཉེན་རྟོག་པ་ཡོང་ནས་ངོ་རྒོལ་བ་མང་པོ་བཙན་གྱིས་རླངས་འཁོར་ནང་བླུགས་ཏེ་ཉེན་རྟོག་བཀག་ཉར་ཁང་དུ་ཁྲིད་པ་དང༌། ངོ་རྒོལ་གྱི་སྣེ་ཁྲིད་པ་བཅུ་གྲངས་ཤིག་ད་དུང་བཀག་ཉར་བྱས་ཡོད་འདུག
    དེའི་ནང་ནས་སྣེ་ཁྲིད་པ་གཅིག་གིས་ལོ་རྒྱུས་ཐོག་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏིའ་ཤ་བྷང་ལ་ལྡེ་ཤིའི་ནང་འཁྲུངས་ཡོད་པ་དང༌། བོད་མི་རྣམས་ནི་ཁོང་གི་རྗེས་འབྲང་པ་དང་ཁོང་གི་ལྟ་གྲུབ་ཁས་ལེན་མཁན་ཞི་བདེ་ལ་དགའ་མཁན་ཞིག་ཡིན་པས། བོད་དང་བྷང་ལ་ལྡེ་ཤི་གཉིས་ལོ་རབས་མང་པོ་བརྒྱུད་པའི་ལོ་རྒྱུས་ཀྱི་འབྲེལ་བ་བཟང་པོ་ཡོད་ལ། དེ་བཞིན་དེང་སྐབས་རྒྱ་ནག་དམར་གཞུང་གིས་བོད་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བཞིན་ཡོད་པ་དང༌། ང་ཚོ་བྷང་ལ་ལྡེ་ཤི་ལ་མཚོན་ནའང་རྒྱ་ནག་དམར་གཞུང་གིས་ཕྱི་ལོ་ ༡༩༧༢ བྷང་ལ་ལྡེ་ཤི་མཉམ་འབྲེལ་རྒྱལ་ཚོགས་སུ་འཛུལ་ཞུགས་སྐབས། བཀག་འགོག་བྱས་ཏེ་ང་ཚོའི་གཞུང་ལ་དཀའ་ངལ་མི་ཉུང་བ་ཞིག་སྤྲད་ཡོད་ཀྱང༌། རྒྱ་ནག་དམར་གཞུང་གི་གནོན་ཤུགས་ལ་ང་ཚོས་ག་དུས་ཡིན་ཡང་མགོ་སྒུར་སྲིད་ཀྱི་མ་རེད་ཅེས། ཚགས་པར་དང་དྲ་ལམ་ཁག་ལ་གནས་ཚུལ་ཁྱབ་སྤེལ་བཏང་ཡོད་པ་རེད།

Share this:
༢༣ ཀློག་གྲངས།