བདག་ལ་ཐོག་མ་ཡོད་མེད་སྐོར།

ཉལ་བའི་སྐད་ཆ་མ་རེད། སྣང་བ་དེ་མེ་ཏོག་རྒྱས་པ་ལ་དགོས་ཀྱི་ཡོད་པའི་རྐྱེན་གྱིས་སྣང་བ་དེ་ཡོད་པའི་སྐབས་ལ་ཁ་དབྱེ། སྣང་བ་མེད་དུས་ཁ་ཟུམ་པ་ཕལ་ཆེར་རེད།དེ་ཚོའི་གྲས་དེ་རྫས་ཀྱི་ནུས་པའི་དབང་གིས་ཡོང་གི་འདུག་གཱ ཡིན་ན་ཡང་འཚོ་བའི་དོན་དུ་དགོས་ཀྱི་ཡོད་རེད། དེ་ཚོའི་གྲས་དེ་ཁྱད་མཚར་ཡོད་རེད། སོ་སོར་འཕེལ་རྒྱས་འགྲོ་བའི་འདུ་ཤེས་ཡོད་པ་མ་རེད་དེ། མེ་ཏོག་གི་འབྲུ་ལ་སྤུ་ཡོད་པ་དེ་ཚོ་རླུང་གིས་འཁྱེར་བར་ཕན་ཐོགས་ཡོད་པ་རེད། དཔེར་ན། མེ་ཏོག་ཙམ་པ་ཀ་ལྟ་བུ་ཡིན་ན་འབྲུ་ཡི་མཐའ་ལ་གཤོག་པ་ལྟ་བུ་ཡོད་པ་དེས་རླུང་གིས་ཕྱོགས་གང་སར་ཁུར་ནས་རྒྱ་ཆེན་པོར་ཁྱབ་ཐུབ་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། དེ་དག་རྫས་ཀྱི་ནུས་པ་དང་རྟེན་འབྲེལ་ཆོས་ཉིད་ཙམ་མ་གཏོགས། རྣམ་ཤེས་ཀྱི་སྐད་ཆ་མ་རེད། དབྱིན་ཇིའི་མིང་ལ་ཨ་མིའི་བྷ་ཟེར་བའི་འབུ་དེ་སེམས་ལྡན་ཕྲ་ཤོས་བརྩི་ཡི་འདུག
    བྱས་ཙང་ནང་རྣམ་པར་ཤེས་པ་ཟེར་བ་དེ། ད་གིན་ལབ་བསྡད་པ་དེ་རེད།  དབང་པོའི་ཤེས་པ་དེ་ཤེས་པ་རགས་པ་རེད། དེ་ཕྲ་རུ་ཕྱིན་པའི་སྐབས་ལ་ཡིད་བློ་དེ་ཡིན་པ་རེད། ཡིད་བློ་ལའང་ཕྲ་རགས་མང་པོ་ཡོད་བསྡད་པ་དེ་དབྱེ་བ་ཕྱེས་ནས་ཤེས་པ་ཞིག་ཡིན་ཕྱིན་ཆད་ལ་ཤེས་པ་མངོན་དུ་འགྱུར་བར་དཔེར་ན། དབང་པོ་ཤེས་པ་ཞིག་ཡིན་ན་ཕྱི་ཡི་དམིགས་རྐྱེན། ནང་གི་བདག་རྐྱེན། དེ་མ་ཐག་རྐྱེན་ཞེས་རྐྱེན་གསུམ་གྱི་ཐོག་ནས་བཤད་ཀྱི་འདུག་གཱ རྐྱེན་དེ་དག་གི་ནང་ནས་གཙོ་བོ་གསལ་རིག་གི་ངོ་བོར་སྐྱེ་བར་དེ་མ་ཐག་རྐྱེན་ཞེས་པ་དེའི་སྒང་ལ་འགྲོ་སྡོད་ཀྱི་ཡོད་རེད། ཤེས་པ་སྔ་མའི་རྒྱུན་ཞིག་མེད་ན་ཕྱི་ཡི་དམིགས་རྐྱེན་དང་ནང་གི་བདག་རྐྱེན་འཕྲད་པ་ཡིན་ན་ཡང་དེ་ལ་བརྟེན་ནས་ཤེས་པ་སྐྱེ་མི་ཐུབ་པ་རེད། དཔེར་ན། ཡིད་བློ་ལ་སྐྱོན་ཡོད་པ་ཡིན་ན་དབང་པོ་དང་ཕྱིའི་དམིགས་རྐྱེན་འཕྲད་པ་ཡིན་ན་ཡང་ཤེས་པ་སྐྱེ་མི་ཐུབ་པ་རེད། དེ་འདྲ་ཡིན་དུས་ཤེས་པ་སྔ་མའི་དེ་མ་ཐག་རྐྱེན་ཞེས་པ་གསལ་རིག་གི་ངོ་བོར་སྐྱེ་བའི་དེ་མ་ཐག་རྐྱེན་ཞེས་བཤད་ཡོང་དུས་སྐྱེ་བ་སྔ་མ་ཡོད་མེད་ཟེར་བ་དེར་ཐུག་གི་ཡོད་རེད། ང་རང་ཚོ་ཕ་མའི་མངལ་དུ་ཉིང་མཚམས་སྦྱར་ཞེས་པ་ཕ་མའི་ཁུ་ཁྲག་འདུས་པའི་སྒང་ལ་རྣམ་ཤེས་ཀྱིས་མཚམས་སྦྱར་ནས་སྐྱེ་བའི་འགོ་ཚུགས་པ་རེད། མིར་ཆགས་པའི་སྐབས་ཀྱི་མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་ཤེས་པ་དེར་གསལ་རིག་གི་ངོ་བོ་འདུག་གཱ ཡུལ་རྒྱ་ཆེན་པོ་འབྱེད་པའི་ནུས་པ་ཡོད་མ་རེད་དེ་ངོ་བོ་དེ་གསལ་རིག་གི་ངོ་བོར་གྲུབ་བསྡད་ཡོད་རེད། དེ་འདྲའི་གསལ་རིག་གི་ངོ་བོ་ལ་གྲུབ་བསྡད་པའི་ཆོས་ཤིག་གསལ་རིག་གི་བདག་ཉིད་དུ་མེད་པའི་ཆོས་ཤིག་གི་ཉེར་ལེན་བྱས་ན་མཚན་ཉིད་འཆོལ་འགྲོ་ཡི་འདུག་གཱ སྐབས་གཅིག་ཏུ་སེམས་མེད་བེམ་པོ་ལས་སེམས་སྐྱེ་ཆོག་པ་ཡིན་ན་ད་ལྟ་ཡིན་ན་ཡང་སེམས་མེད་བེམ་པོ་ལས་སེམས་སྐྱེ་ཆོག་པ་ཆགས་ཡོང་གི་རེད། ཤེས་པ་ལ་ཤེས་པའི་ཉེར་ལེན་རིགས་འདྲའི་རྒྱུན་གསལ་རིག་ཅིག་དགོས་ཀྱི་རེད་ཅེས་པ་རེད། དེ་འདྲ་ཡིན་དུས་སྐྱེ་བ་ལ་ཐོག་མ་མེད་ཟེར་བ་དང་བདག་ལ་ཐོག་མ་ཡོད་མེད་བསམ་བློ་གཏོང་བ་དེ། བདག་གང་ལ་བརྟེན་ནས་བཏགས་པའི་གདགས་གཞི་ཕུང་པོ་སྤྱི་དང༌། ལྷག་པར་རྣམ་པར་ཤེས་པ། དེ་ལས་ཀྱང་ཡིད་བློ། ཡིད་བློའི་ནང་ནས་གསང་སྔགས་ཀྱི་གཞུང་དང་འབྲེལ་བ་ཡིན་ན་ཡིད་བློ་ཤིན་ཏུ་ཕྲ་བ་དེ་ལ་ཐོག་མ་ཡོད་མེད་ལ་བསམ་བློ་གཏོང་རྒྱུ་རེད། དེ་ལ་ཐོག་མ་འཇོག་དགོས་བྱུང་ན་མི་བདེ་བ་ཞེ་དྲག་རེད། ཡང་ན་རྒྱུ་མེད་ལས་བྱུང་བ་ཁས་ལེན་དགོས་ཀྱི་རེད། ཡང་ན་འཇིག་རྟེན་བཀོད་པ་པོ་ཁས་ལེན་དགོས་ཀྱི་རེད། དེ་གཉིས་ཀ་ལ་རིག་པས་གནོད་ཀྱི་འདུག་གཱ རིག་པས་གནོད་པ་མེད་པའི་ཐོག་ནས་ག་རེ་སྒྲུབ་ཀྱི་རེད་ཅེ་ན། ཤེས་པའི་རྒྱུན་ལ་བརྟེན་ནས་ཤེས་པ་སྒྲུབ་དགོས་ཀྱི་རེད། ཤེས་པའི་ཐོག་མ་བཞག་ན་སེམས་མེད་བེམ་པོ་ལས་སྐྱེས་པ་འདོད་དགོས་ཀྱི་རེད། དེ་ཧ་ཅང་ཐལ་འགྲོ་ཡི་འདུག དེ་འདྲ་ཡིན་དུས་ཤེས་པའི་ཐོག་མ་འཇོག་ཐུབ་ཀྱི་མ་རེད། དེ་འཇོག་མ་ཐུབ་པ་ཡིན་དུས་ཕུང་པོའི་གཙོ་བོ་ཤེས་པ་ལ་དང་ཤེས་པའི་རྒྱུན་ལ་བརྟེན་ནས་བཏགས་པའི་བདག་གམ་གང་ཟག་ཟེར་བ་དེ་ལ་ཐོག་མ་འཇོག་ཐུབ་ཀྱི་མ་རེད་ཅེས་སངས་རྒྱས་པའི་གཞུང་གི་ནང་ང་ལ་ཐོག་མ་མེད་ཅེས་པ་རེད། རྒྱུ་མེད་རྐྱེན་མེད་ལས་བྱུང་བ་ཡང་མ་རེད། རྟག་པའི་རྒྱུ་ལས་བྱུང་བ་ཡང་མ་རེད། སེམས་མེད་བེམ་པོའི་ཆོས་ལས་སྐྱེས་པ་ཞིག་ཀྱང་མ་རེད། འཇིག་རྟེན་བཀོད་པ་པོས་བཀོད་པ་ཡང་མ་རེད། རང་རང་གི་རིགས་མཐུན་པའི་རྒྱུ་ལས་སྐྱེས་པ་རེད། ཤེས་པ་རང་རང་གི་སྐད་ཅིག་སྔ་མ་སྔ་མའི་རྒྱུན་ལས་སྐྱེས་པ་རེད། དེའི་སྐད་ཅིག་དང་པོ་འཇོག་ཐུབ་ཀྱི་མ་རེད། བཞག་པ་ཡིན་ན་རིག་པ་དང་འགལ་ཡོང་གི་འདུག དེ་འདྲ་ཡིན་དུས་ཤེས་པ་ཐོག་མ་ཡོད་མ་རེད། ཤེས་པ་ལ་ཐོག་མ་མེད་དུས་ཤེས་པའི་རྒྱུན་ལས་སྐྱེས་ནས་བཏགས་པའི་བདག་ལའང་ཐོག་མ་ཡོད་མ་རེད་ཅེས་ནང་པ་སངས་རྒྱས་པས་ཤེས་པ་ལ་ཐོག་མ་ཡོད་མ་རེད། གང་ཟག་ལ་ཐོག་མ་ཡོད་མ་རེད། ང་ལ་ཐོག་མ་ཡོད་མ་རེད་ཟེར་གྱི་ཡོད་རེད།།
བདག་ལ་མཐའ་མ་ཡོད་མེད་སྐོར།    ང་ལ་མཐའ་མ་ཡོད་རེད་དམ་མ་རེད་ཅེས་པའི་དྲི་བ་དེར་ལན་རྒྱག་ཡོང་དུས། རྒྱང་འཕེན་པས་ང་ཐོག་མ་དེ་གློ་བུར་དུ་བྱུང་བ་རེད་ལ་ཤི་བའི་རྗེས་སུ་ཤེས་པའི་རྟེན་ནམ། རྣམ་འགྱུར་ཤེས་པ་ཞེས་པ་ཐོན་པའི་ནུས་པ་མེད་པ་ཆགས་པའི་ཉིན་མི་དེར་ཤེས་པ་མེད་པ་ཆགས་ཚར་བ་རེད། གང་ཟག་གམ་ང་ཟེར་བ་དེ་མེད་པ་ཆགས་ཚར་བ་རེད་ཅེས་པ་རེད། དེ་འདུམ་བདེ་པོ་འདྲ་ཞིག་འདུག་གཱ ཡིན་ན་ཡང་རྩད་གཅོད་བྱས་ནས་བསམ་བློ་བཏང་བ་ཡིན་ན་རྙོག་གྲ་ཚ་པོ་ཞེ་དྲག་རེད། འཇིག་རྟེན་འདི་ག་རེ་བྱས་ནས་བྱུང་བ་རེད། འཇིག་རྟེན་འདི་ལ་ཐོག་མ་ཡོད་རེད་དམ་མ་རེད། དེ་ནས་ག་ལེར་མིའི་མི་ཚེ་ལ་སྙིང་པོ་ག་རེ་ཡོད་རེད། མིའི་མི་ཚེའི་དགོས་དོན་ག་རེ་རེད། དེ་འདྲའི་དྲི་བ་འདྲི་དགོས་བྱུང་ན་ཧ་ལམ་དུད་འགྲོ་ནང་བཞིན་བྱས་ནས་སྲོག་འཚོ་བ་ཙམ་དང་ལུས་འཚོ་བ་ཙམ། བཟའ་བཏུང་ལོངས་སུ་སྤྱད། འཁྲིག་པ་སྤྱད་ནས་ཕྲུ་གུ་སྐྱེད་འཕེལ་བྱེད་པ་དུད་འགྲོ་ནང་བཞིན་རེད། དེ་ཙམ་མ་གཏོགས་གཞན་གང་ཡང་མི་འདུག་གཱ དེ་འདུམ་བདེ་པོ་ཞེ་དྲག་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་དེ་དག་གིས་བདག་དེ་ཐོག་མར་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད། མཐའ་མ་ཡག་པོ་བྱས་པ་ཡིན་ན་འཇིག་རྟེན་བཀོད་པ་པོའི་དྲུང་ལ་སླེབས་ནས་དེ་ལ་མཐའ་ཡོད་མེད་དམིགས་བསལ་གསལ་པོ་བཤད་མཁན་ཡོད་མེད་མི་ཤེས་ཏེ། གང་ལྟར་དེ་འདྲ་ཞིག་རེད།
    སངས་རྒྱས་པའི་ཆོས་ནང་ནས་བདག་ལ་མཐའ་མ་ཡོད་རེད་དམ་ཅེས་པའི་དྲི་བ་དེར།   སངས་རྒྱས་པའི་ཆོས་ནང་ནས་ཤེས་པ་ཕྲ་རགས་ཀྱི་རྣམ་གཞག་དེ་འདྲའི་ཞིབ་ཚགས་པོ་མིན་པར་རགས་པ་ལྟ་བུ་བཤད་ཡོང་དུས། ཤེས་པ་ཟེར་དུས་ཧ་ལམ་སྐྱོན་ཅན་གྱི་བློ་དེའི་མཉམ་དུ་ཡོད་གྲབས་ཡོད་པའི་བཟོ་ལྟ་བུ་ཞིག་རེད། གང་ལྟར་མཐའ་མ་དགྲ་བཅོམ་པའི་གོ་འཕང་ཐོབ་ནས་སྔོན་མའི་ལས་ཉོན་གྱིས་འཕངས་པའི་སྡུག་བསྔལ་གྱི་ཕུང་པོ་དེ་ཇི་སྲིད་གནས་པའི་རིང་དེ་ལ་ལྷག་བཅས་དགྲ་བཅོམ། དེ་ནས་ཕུང་པོ་དེ་དོར་བའི་སྐབས་ལ་ཉོན་སྒྲིབ་ཀྱི་དབང་དུ་བྱས་པའི་འདུ་ཤེས་བཅོམ་པ་རེད་ཅེས་པ་རེད། ཕུང་པོའི་བདུད་བཅོམ། ཉོན་མོངས་པའི་བདུད་བཅོམ། འཆི་བདག་གི་བདུད་བཅོམ། ལྷའི་བུའི་བདུད་བཅོམ་ནས་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའི་གནས་སྐབས་ལ་འཆི་བདག་གི་བདུད་དང་ཕུང་པོའི་བདུད་བཅོམ་ནས་ཕུང་པོ་ལྷག་མ་མེད་པ། ཕུང་པོ་ལྷག་མ་པ་ཡིན་དུས་ཕུང་པོ་ལ་བརྟེན་ནས་བཏགས་པའི་བདག་དེ་མར་མེ་རྒྱུན་ཆད་པ་ནང་བཞིན་རིམ་པ་རྒྱུན་ཆད་པ་རེད་ཅེས་པ་རེད། དེ་ནས་བདག་དེའི་མཐའ་རྫོགས་པ་རེད་ཅེས་བྱེ་བྲག་སྨྲ་བའི་སྡེ་པའི་ནང་ནས་དེ་འདྲ་བཤད་མཁན་ཡོད་རེད། དེ་མིན་པའི་གྲུབ་མཐའ་གཞན་དག་ཚང་མས་བདག་ལ་མཐའ་མ་མེད་ཅེས་པ་རེད། ག་རེ་རེད་ཟེར་ན། བདག་གང་དུ་འདོགས་པའི་གདགས་གཞི་མཐར་ཐུག་དེ་ཤེས་པ་རེད། ཤེས་པ་ལ་གསལ་རིག་གི་ཆ་ཡོད་པ་དེ་ཤེས་པའི་རང་བཞིན་རེད། ཆགས་སྡང་གིས་མཚོན་པའི་ཉོན་མོངས་པའི་བློ་དེ་དག་ཤེས་པའི་རང་བཞིན་ལ་ཡོད་མ་རེད།
 འཕྲོས་འདོན་ཐེངས་རྗེས་མར་གཟིགས།

Share this:
༤༢ ཀློག་གྲངས།