ཨོ་སི་ཁྲུ་ལི་ཡ་དང་ནིའུ་ཛི་ལན་ཌིའི་བོད་རིགས་ཚོགས་ཆེན།

སྔར་ལོའི་གྲོས་ཆོད་ཁག་ལ་ཚོགས་གཙོ་དང་རྒྱུན་ལས་རྣམ་པས་ལག་བསྟར་ཐུབ་ཡོད་མེད་སྐོར་ལ་དྲི་བ་དྲིས་ལན། ལག་བསྟར་མ་ཐུབ་པའི་གྲོས་ཆོད་རིགས་ལ་བསྐྱར་ཞིབ་འཕྲི་སྣོན་བཅས་ཞུས་ཡོད་པ་རེད། དེ་རྗེས་མང་ཚོགས་ཁྲོད་ནས་ལོ་ལྔ་བཅུ་འཁོར་བའི་གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་ལ་སྐུ་ཚབ་དོན་གཅོད་ཨ་ཏི་ཤ་ལགས་མ་ཕེབས་པ་དང། ྋགོང་ས་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་མ་གནང་བའི་སྐོར་ལ་དྲི་བ་དྲིས་ལན་དང། སྐུ་ཚབ་དོན་གཅོད་ལགས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་མི་མང་ལ་སློབ་གསོའི་ལམ་སྟོན་སོགས་ཀྱི་འབྲེལ་འདྲིས་དང་ལས་དོན་ལ་ཤུགས་རྐྱེན་ཐེབས་པའི་བྱ་བཞག་གནང་གི་མི་འདུག་ཅེས་སྐྱོན་བརྗོད་ཐད་ཀར་བྱེད་མཁན་ཡང་མང་པོ་བྱུང་སོང།
   མ་འོངས་པའི་བཀའ་བློན་ཁྲི་པ་འདེབས་ཕྱོགས་སྐོར་ད་ལྟ་ནས་བགྲོ་གླེང་གནང་རྒྱུ་གལ་ཆེན་ཚུལ་གསུང་མཁན་མི་ཉུང་བ་ཞིག་ཡོད་པ་ལས། འགའ་ཤས་ཀྱིས་ཨ་རིར་གནས་སྡོད་མཁས་དབང་བློ་བཟང་སེང་གེ་ལགས་བཀའ་བློན་ཁྲི་པ་འོས་ཚུལ་གསུངས་མཁན་ཁག་ཅིག་དང། ཡང་འགའ་ཤས་ཀྱིས་བློ་བཟང་སེང་གེ་ཤེས་ཡོན་ལྡན་ཡང་ཉམས་མྱོང་མེད་སྟབས་མ་འོངས་པར་མ་འོངས་པའི་བཀའ་བློན་ཁྲི་པ་ལ་དམིགས་ཏེ་ཕྱི་དྲིལ་བཀའ་བློན་ལ་འདེབས་ན་འོས་འཚམས་ཆེ་ཚུལ་གསུང་མཁན་ཡང་འདུག ཡང་འགའ་ཤས་ཀྱིས་ད་ལྟའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་བསྐྱར་དུ་བཀའ་ཁྲིར་འོས་པས། ཐེངས་གསུམ་པ་བསྐྱར་འདེམས་མི་ཆོག་ཀྱང་བཅའ་ཁྲིམས་བསྒྱུར་བཅོས་བཏང་ན་མི་ཆོག་པ་མེད་ཚུལ་གསུང་མཁན་ཁག་ཅིག་ཀྱང་བྱུང་སོང། ཚོགས་འདུའི་བར་སེང་སོགས་ཀྱི་སྐབས་སུ་ཚོགས་ཐོག་ཏུ་གཏམ་གཤད་མ་གོམས་པའི་གང་ཟག་མང་པོ་ཞིག་གིས་དེ་སྔོན་བཀའ་བློན་གནང་མྱོང་བའི་བློ་བཟང་སྙན་གྲགས་ལགས་སུ་སྔར་དེང་གི་ཤེས་ཡོན་ལ་མཁས་པ་མ་ཟད། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་མཉམ་དུ་ལོ་མང་བཀའ་བློན་གྱི་ཕྱག་ལས་གནང་མྱོང་བས་ཁོང་བཀའ་ཁྲི་འོས་བབས་ཆེ་ཚུལ་གསུང་མཁན་ཡང་འདུག
    རྒྱལ་གཅེས་དྭངས་བླང་དཔྱ་ཁྲལ་འབུལ་ཕྱོགས་ཐད་མང་ཚོགས་ཁྲོད་ནས་འགའ་ཤས་ཀྱིས་དེ་སྔོན་རྒྱ་བལ་རྒྱལ་ཁབ་དུ་བཞུགས་རིང་དཔྱ་ཁྲལ་འབུལ་སྟངས་དང་ཕྱི་རྒྱལ་དུ་སླེབས་དུས་འབུལ་སྟངས་མི་འདྲ་བའི་ཁྱད་པར་གསལ་པོ་ངེས་ཤེས་མ་འདྲོངས་པ་དང། དེ་མིན་རང་གཞུང་གིས་གནང་བའི་འབྱོར་ལན་ཁ་གསལ་མང་ཚོགས་ལ་གསལ་སྟོན་གནང་རྒྱུ་མེད་སྟབས་རང་གཞུང་ལ་ཆ་ཚང་འཕྲོད་མིན་ཐེ་ཚོམ་དབང་གིས་འགའ་ཤས་ཀྱིས་དཔྱ་ཁྲལ་འབུལ་རྒྱུ་ལྷོད་གཡེང་ཤོར་མཁན་ཡང་ཡོད་འདུག ཡིན་ན་ཡང་ཚོགས་འདུ་དེའི་ཐོག་སྐུ་ཚབ་དོན་གཅོད་ཨ་ཏི་ཤ་དང། བོད་མི་མང་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལགས་གཉིས་ཀྱིས་དཔྱ་ཁྲལ་འབུལ་དགོས་ཚུལ་དང་འབུལ་ཕྱོགས་གསལ་བཤད་གནང་སྟེ། རྒྱ་བལ་འབྲུག་གསུམ་ལས་གཞན་པའི་ཕྱི་རྒྱལ་ལ་ཡོད་པའི་བོད་མི་ལས་མེད་རྣམས་ཀྱིས་ལོ་རེར་ཨ་སྒོར་༤༦ དང། ལས་ཡོད་རྣམས་ཀྱིས་ཨ་སྒོར་༩༦ རེ་འབུལ་དགོས་ཚུལ་གསལ་བཤད་གནང་བ་མ་ཟད། བཙན་བྱོལ་བོད་མིའི་དྭངས་བླང་དཔྱ་ཁྲལ་ཞེས་པའི་གཞུང་གི་ཡི་གེ་ཤོག་ངོས་བཞི་ཅན་ཞིག་འགྲེམས་སྤེལ་གནང་བ་དངོས་སུ་མཐོང་སྟབས་མང་ཚོགས་ཁྲོད་གྲངས་ཚད་གསལ་པོ་ཆགས་ཡོད་པ་དང། དེ་མིན་ད་དུང་འགའ་ཤས་ཀྱིས་དོ་བདག་ཕྱི་རྒྱལ་སླེབས་ཀྱང། དྭངས་བླང་དཔྱ་དངུལ་ལག་དེབ་རྒྱ་གར་ལ་བཞག་སྟེ་ལོ་རེར་ཧིན་སྒོར་༥༨ རེ་འབུལ་རྒྱུ་ཉེ་འབྲེལ་དང་གྲོགས་པོ་གྲོགས་མོར་བཅོལ་མཁན་ཡང་ཡོད་འདུག ཡང་འགའ་ཤས་ཀྱིས་དོ་བདག་ཕྱི་རྒྱལ་ཡོང་ཁར་དཔྱ་དངུལ་ལོ་བཞི་ལྔ་རེ་རྒྱ་གར་ནས་རྒྱག་མཁན་ཡང་ཡོད་འདུག སྐུ་ཚབ་དོན་གཅོད་ཀྱིས་གནས་ཚུལ་དེའི་ཐད་གསལ་བཤད་གནང་སྟེ། དེ་དག་ནི་དཔྱ་དངུལ་མ་སྤྲད་པ་དང་གཅིག་མཚུངས་ཡིན་པས་དངུལ་ཆད་གསབ་གནང་དགོས། རང་གཞུང་གི་དཔྱ་ཁྲལ་ཆད་གསབ་གུ་ཡངས་ཀྱི་སྲིད་བྱུས་དུས་ཚོད་རྫོགས་ཀྱང་ད་དུང་དེ་འདྲ་ལྷག་རིགས་ལ་གུ་ཡང་ཡོད་ཚུལ་ཡང་གསུངས་ཡོད་པ་བཅས་ཀྱི་གནས་ཚུལ་རགས་བསྡུས་སུ།
ཨོ་སི་ཁྲུ་ལི་ཡ་ནས་བྲག་གཡབ་གྲགས་པས་གནས་ཚུལ་མཁོ་གཏོང་བྱསབཏང།

Share this:
༩༢ ཀློག་གྲངས།