དྭངས་བླང་ཆོས་སྦྱིན་གྱི་སྤྱི་ཚོགས་ཞབས་ཞུ།

    ཚེས་༡༨ ཞོགས་པ་ཀོ་ལེ་གྷལ་མི་མང་ཚོགས་ཁང་དུ། དགོན་སྡེ་ཁག་གི་སྐུ་ཚབ་རྣམ་པ་དང། ས་གནས་འཐུས་མི་རྣམ་པ། བོད་དགེ་རྣམ་པ། མཉམ་འབྲེལ་གྱི་འབྲེལ་ཡོད། གྲོང་སྡེ་ཉེར་གཉིས་ཀྱི་བརྒྱ་དཔོན་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ས་གནས་ཚོགས་པ་ཁག་གི་ཚོགས་མི་སོགས་གནད་ཡོད་མི་སྣ་བརྒྱ་དང་བཞི་བཅུ་ལྷག་འདུ་འཛོམས་བྱུང་བ་དང། ས་འཐུས་ཚོགས་གཙོ་ཚེ་དབང་བསོད་ནམས་དང། ས་གནས་འགོ་འཛིན་ཀརྨ་སེང་གེ་རྣམ་གཉིས་ཀྱིས་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་དང། དེ་རྗེས་གྲུབ་དབང་རྫོགས་ཆེན་དགོན་པའི་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ཀྱྀིས་གསུང་དོན། ྋགོང་ས་མཆོག་དང༌། ྋགྲུབ་དབང་རྫོགས་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་མཐར་ཐུག་གི་དགོངས་བཞེད་བཞིན་ཤྲཱི་སེང་བཤད་གྲྭའི་སྤྱི་ཚོགས་ཞབས་ཞུས་ལས་རིམ་ནང་རྫོགས་ཆེན་ཤྲཱི་སེང་བཤད་གྲྭའི་མཁན་སློབ་རྣམས་ཀྱིས་གཟའ་ཉི་མ་དང་སྤེན་པ། ཚེས་བཅུ་དང་གནམ་གང་སོགས་ལ་ནང་ཆོས་ངོ་སྤྲོད་བྱ་རྒྱུ་དང༌། ཡུལ་མི་འདས་གྲོངས་ཀྱི་དཀའ་ངལ་མི་ཚང་སུ་ལ་བྱུང་ན་རྫོགས་ཆེན་དགོན་གྱི་གྲྭ་མང་ཡོངས་རྫོགས་ཆེད་ཕེབས་ཀྱིས་དྭངས་བླང་ཆོས་སྤྱིན་འཕོ་བ་དང་བསྔོ་སྨོན་གསུང་རྒྱུ་ཡིན་ཞེས་དང༌། ཡང་ཁོང་གིས་ྋགྲུབ་དབང་རྫོགས་ཆེན་དགོན་འདི་ྋརྒྱལ་དབང་ལྔ་པ་ཆེན་པོ་ནས་བོད་ཀྱི་ལོ་རྒྱུས་བརྒྱུད་རིམ་ཁྲོད་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ལྟར། རྫོགས་ཆེན་དགོན་དང་རྫོགས་ཆེན་རིན་པོ་ཆེ་ལ་འོས་འགན་འཕར་མ་ཞིག་ཡོད་པས་རྫོགས་ཆེན་རིན་པོ་ཆེས་སྔོན་ནས་སྤྱི་ཚོགས་རོགས་རམ་རྒྱ་ཆེ་གནང་ཡོད་པ་ལྟར། མ་འོངས་པར་དེ་བཞིན་གྲ་སྒྲིག་ཡོད་ལ།  ཁྱད་པར་གཞིས་ཆགས་སྲ་བརྟན་དགོས་ན་དགོན་པ་དང་ཡུལ་མི། ལས་ཁུངས་སོགས་ཀྱི་བར་མཐུན་སྒྲིལ་དམ་ཟབ་དགོས་པ་རེད་ཅེས་གསུང་བཤད་གནང་སོང། དེ་ནས་ཚོགས་འདུ་ཚོགས་ཆུང་བདུན་དུ་བགོས་པའི་ཚོགས་ཆུང་རེར་མི་ ༢༠ ལྷག་རེ་ཆ་བགོས་ཀྱིས་བགྲོ་གླེང་གོ་བསྡུར་ལྷུག་པོ་གནང་ཡོད་པ་དང༌། ཚེས་ ༡༩ ཉིན་ཚོགས་ཆུང་སོ་སོའི་ཚོགས་གཙོ་ནས་ཚོགས་ཆུང་དག་གི་བསམ་ཤོག་ཁག་རང་གཞུང་ལ་ཡར་སྙན་སེང་དགོས་པའི་རིགས་གཅིག་དང་ས་གནས་ནས་ངེས་པར་དུ་ལག་བསྟར་དགོས་པའི་རིགས་གཉིས་སུ་ཕྱོགས་བསྡོམས་གཏན་འབེབས་གནང་སོང། མཐར་ས་འཐུས་ཚོགས་གཙོ་ཚེ་དབང་བསོད་ནམས་དང་ས་གནས་འགོ་འཛིན་ཀརྨ་སེང་གེ་གཉིས་ཀྱི་མཇུག་བསྡོམས་གསུང་བཤད་དང༌། ས་འཐུས་ཚོགས་གཞོན་གྱིས་ཐུགས་རྗེ་ཆེ་ཞུས་གསུང་བཤད་གནང་ནས་ཚོགས་འདུ་གྲོལ་ཡོད་པ་རེད།། མེ་སོར་གསར་འགོད་པས།

སྐབའ

Share this:
༢༠༧ ཀློག་གྲངས།