བློ་གླིང་མཁན་པོའི་ཁྲི་འདོན་མཛད་སྒོ།

ཟླ་འདིའི་ཚེས་༧ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་འབྲས་སྤུངས་སྤོམ་ར་དགེ་བཤེས་གློ་བཟང་ཡེ་ཤེས་ལ། ༧གོང་ས་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གི་མཁན་པོའི་ཕྱག་རྟགས་སྤྱི་ཕེབས་གནང་དོན་བཞིན་ཁྲི་འདོན་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

དེ་ཡང་ཉིན་འདིའི་ཞོགས་པའི་ཆུ་ཚོད་༥་༣༠་ཕྱེད་ཐོག་མཁན་རིན་པོ་ཆེ་གཟིམ་ཤག་ནས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ཁང་ཚན་ཚོམས་ཁང་གདན་ཞུས་ཐོག། མཁན་རིན་པོ་ཆེས་རྟེན་གཙོ་ཁག་གི་མདུན་དུ་ཐུགས་སྨོན་མཚམས་སྦྱོར་གྱིས་སྙན་དར་བསྒྲོན་འབུལ་གྲུབ་རྗེས་བཞུགས་ཁྲིར་ཞབས་སོར་འཁོད།   ཁང་ཚན་སྤྱི་ནས་མཁན་རིན་པོ་ཆེའི་སྐུ་ཚེ་ཞབས་པད་བརྟན་ཞིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་ཆེད་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ། དགའ་ལྡན་ལྷ་བརྒྱ་མ་དང་དཔལ་ལྡན་ཡོན་ཏན་མ།  བསྟན་འབར་མ། ཤིས་བརྗོད་བཅས་གསུངས་ནས་སྔོན་འགྲོའི་བླ་བྲང་གི་མཛད་སྒོ་གྲུབ་ཡོད་པ་རེད།

 

lobsang_lobsang_yishiཆུ་ཚོད་༦་༣༠ ཕྱེད་ཐོག་ཁང་ཚན་ནས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གིས་དབུ་ཆོས་གསུམ་དང་ཕྱག་མཛོད་དེ་བཞིན་ཁང་ཚན་རྒན་རྣམས་པ་བཅས་ཀྱིས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་གྲྭ་ཚང་འདུ་ཁང་གསར་པའི་ནང་ཕེབས་ནས། ཐོག་མར་༧གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་གུས་ཕྱག་དང་མཇལ་དར་བསྒྲོན་རྗེས་མཎྜལ་རྟེན་གསུམ་འདེགས་འབུལ་སོགས་གྲུབ་མཚམས། གོང་བཞིན་དཔལ་ལྡན་ཡོན་ཏན་མ་དྲུག་བཅུའི་རྟ་དབྱངས་དང་འབྲེལ་གསུང་བཞིན་མཁན་རིན་པོ་ཆེར་གྲྭ་ཚང་གི་བླ་མ་གཞུང་ལེན་པས་མཎྜལ་རྟེན་གསུམ་འདེགས་འབུལ་གནང་།    གྲྭ་ཚང་གི་ལས་སྣེ་བ་དང་ཁང་ཚན་རྒན་རྣམས་པ་བཅས་ཀྱིས་རིམ་བཞིན་རྟེན་གསུམ་འདེགས་འབུལ་དང་འཚམས་འདྲིའི་མཇལ་དར་འབུལ་གནང་བ་སོགས་གྲུབ་རྗེས།  ཆུ་ཚོད་༩་༣༠་ཕྱེད་ཐོག་བློ་གླིང་གྲྭ་ཚང་གིས་དབུས་ཆོས་དང་ལས་སྣེ་བ་ཡོངས་ཀྱིས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ཆོས་རྭའི་ནང་གདན་ཞུས་ཀྱིས་མཁན་རིན་པོ་ཆེས་དཔལ་ཆོས་ཀྱི་འཁོར་ལོའི་བརྩི་བཞག་བཀའ་སློབ་བཀའ་དྲིན་བསྩལ་ཏེ། མཛད་སྒོའི་ལས་རིམ་གྲོལ་ཡོད་པ་རེད།

བློ་གླིང་མཁན་རིན་པོ་ཆེ་བླ་བཟང་ཡེ་ཤེས་ནི་ཕྱི་ལོ་༡༩༣༩ ལོར་ཡབ་ཉི་པད་དགྲ་ལྷ་དང་ཡུམ་བདེ་སྐྱིད་མཚོ་མོ་གཉིས་ཀྱི་སྲས་སུ་ཁམས་རྒྱལ་ཐང་སུམ་རྩེན་གླིང་གི་ཉེ་འདབས་སུ་སྐུ་འཁྲུངས་ཤིང་།   དགུང་ལོ་༨ ལ་སོན་སྐབས་༧གོང་ས་ལྔ་པ་ཆེན་པོས་ཕྱག་བཏབ་པའི་ཤར་རྒྱལ་ཐང་སུམ་རྩེན་གླིང་དགོན་པའི་ཆོས་སྒོར་ཞུགས།  སྐྱབས་རྗེ་ཟངས་འབུམ་སྐུ་གོང་མ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོའི་དྲུང་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཞུས།   དགོན་པ་དེར་ཡི་གེ་སྦྱོར་ཀློག་དང་ཆོས་སྤྱོད་འཛིན་སྐྱོང་སོགས་ལྷོད་མེད་མཛད།

རྒན་དམ་པའི་ཐུགས་འདུན་བཞིན་དགུང་ལོ་༡༦ ཐོག་ལྷ་ལྡན་ཞིང་སར་ཕེབས་ནས།   དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གཞུང་ཆེན་ཁག་ལ་གསན་བསམ་སློབ་གཉེར་ཧུར་བརྩོན་གནང་།  དེ་ནས་༡༩༥༩ ལོར་༧གོང་ས་མཆོག་གི་ཞབས་རྗེས་སུ་བསྙེགས་ཏེ་འཕགས་ཡུལ་དུ་བྲོས་བྱོལ་དུ་ཕེབས་ནས་སྦག་ཚ་ཆོས་སྒར་ནས་ལོ་དགུའི་རིང་གསན་བསམ་མཛད།  ༡༩༦༤ ལོར་༧གོང་ས་མཆོག་གི་མདུན་ནས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དེ་ནས་སྦག་ཚ་ནས་མོན་གྷོ་ཕེབས་ཏེ་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་ཞོར་དུ་གྲྭ་ཚང་གི་ཕྱག་མཛོད་སོགས་ལས་སྣེ་བའི་འགན་མང་ཁུར།  ༡༩༨༥་ལོར་དགེ་ལུགས་རྒྱུག་སྤྲོད་ཆེན་མོར་ཕེབས་ཏེ་༡༩༩༠་ལོར་༧གོང་ས་མཆོག་གི་སྤྱན་སྔར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག  ༡༩༩༥་ལོར་གྲྭ་མང་གིས་འདེམས་ཐོན་བཞིན་གྲྭ་ཚང་རིན་པོ་ཆེའི་དགེ་བསྐོས་ཀྱི་ཐུགས་འགན་ཆེ་བཞེས་གནང་།  དེ་ནས་༢༠༠༨་ལོར་བློ་གླིང་མཁན་པོ་སྐྱབས་རྗེ་རྟོགས་ལྡན་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་བླ་མ་གཞུང་ལེན་པའི་མཛད་ཁུར་བཞེས་གནང་པ་སོགས་གྲྭ་ཚང་འདི་ཉིད་ཀྱི་མཛད་ཁུར་ཧུར་ཐག་ཞུས་ཡོད་པ་བཅས་ལོ་རྒྱུས་མདོར་བསྡུས་སུ།

ལྷོ་ཕྱོགས་གསར་འགོད་པས།

 

Share this:
༣༥༧ ཀློག་གྲངས།