གྲངས་ཉུང་མི་རིགས་གསོད་ཆོག་ཆོག་རེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༦༩   ཕྱི་ལོ་ ༢༠༡༣/༡༢/༡༨

ཟླ་འདིའི་ཕྱི་ཚེས་༡༥ ཉིན་ཤར་ཏུར་ཀི་སི་ཐན་དུ་རྒྱ་དམར་དྲག་པོའི་གཞུང་གིས་ཡུ་གུར་བ་གྲངས་ཉུང་མི་རིགས་མི་གྲངས་༡༤ དམར་གསོད་བཏང་ཡོད་ཅེས་ཕྱིར་བསྒྲགས་བྱས་ཡོད་ཀྱང། གྲངས་ཀ་དེ་ནི་རྒྱ་གཞུང་གི་ཁྱབ་བསྒྲགས་ཙམ་ཡིན་པས་དེ་ལས་མང་བ་དམར་གསོད་བཏང་ཡོད་པར་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། དོན་རྐྱེན་འདི་དག་ཚང་མ་རྒྱ་དམར་དྲག་པོའི་གཞུང་གིས་དུས་རྒྱུན་འཇིགས་སྐུལ་དྲག་སྤྱོད་ཀྱི་བྱ་སྤྱོད་ཡིན་ཚུལ་བརྗོད་བཞིན་པའི་ཁ་ཏོན་དེ་བསྐྱར་དུ་བསྐྱོར་འདུག དཔེར་ན་བོད་ནང་དུ་མི་གཞན་སུ་གཅིག་ལ་གནོད་སྐྱོན་མ་བཏང་བར་རང་ཉིད་ཀྱི་སྐུ་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་བསྟན་པར་འཇིགས་སྐུལ་དང་འཚེ་བའི་བྱ་སྤྱོད་ཡིན་ཚུལ་བརྗོད་ན། ད་ལན་ཤར་ཏུར་ཀི་སི་ཐན་གྱི་དོན་རྐྱེན་དེ་ནི་དེ་བས་ཀྱང་བརྗོད་ངེས་པ་ཞིག་རེད། དོན་དམ་པར་རྒྱ་གཞུང་གི་ལོ་ལྟར་ཕྱིའི་རྒྱལ་སྲུང་གི་འགྲོ་སོང་ལས། ནང་ཁུལ་གྱི་ངོ་རྒོལ་སོགས་མི་རིགས་ཁ་བྲལ་དུ་མི་འགྲོ་བའི་ཆེད་དུ་འགྲོ་སོང་མང་བ་གཏོང་དགོས་པ་སྲིད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་པ་ལྟར་རེད།

དེ་ལྟ་བུ་བྱེད་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཡོད་མེད་དེ་དོན་དངོས་རྒྱ་གཞུང་གིས་ཞིབ་འཇུག་ཚད་ལྡན་ཞིག་བྱས་ན། དེ་ནི་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་ཐུག་ཡོད་པ་དང། རྒྱ་མི་རིགས་ཀྱི་ངོས་ནས་སྲིད་གཞུང་ལ་ངོ་རྒོལ་ཞིག་བྱས་པའི་དབང་དུ་བཏང་ན། དེ་དག་གི་རེ་འདོད་སྐོང་ཐབས་ཡོད་མེད་གང་ལྟར་ཡང། ཐབས་ཤེས་གང་མང་བྱེད་པ་དང་དམའ་མཐའ་ས་ནས་ཁ་བྲལ་བ་ཞེས་པའི་ཆབ་སྲིད་ཀྱི་ཞྭ་མོ་ནག་པོ་ཞིག་གཡོགས་ཐབས་བྱེད་ཀྱི་མེད། བོད་དང། ཤར་ཏུར་ཀི་སི་ཐན། སོག་པོ་སོགས་གྲངས་ཉུང་མི་རིགས་རྣམས་ཀྱིས་ཆབ་སྲིད་དང་འབྲེལ་བ་མེད་པར། ཁོར་ཡུག་དང། འཚོ་ཐབས་སོགས་དང་འབྲེལ་བའི་ངོ་རྒོལ་ཞིག་བྱས་ཀྱང། ཁ་བྲལ་བ་དང་དྲག་སྤྱོད་པ་རེད་ཅེས་གསོད་ཆོག་ཆོག་བྱས་པ་ལ་བརྟེན་ནས་ངོ་རྒོལ་རྒྱུན་ཆད་མེད་པར་ཡོང་གི་ཡོད་པ་རེད། མི་རིགས་དབྱེ་འབྱེད་དང། འདྲ་མཉམ་མ་ཡིན་པའི་གནས་སྟངས་མང་པོ་ཞིག་ཁ་ཡོད་ལག་ཡོད་མངོན་གསལ་དུ་མེད་ན། ཚེ་སྲོག་བློས་བཏང་ནས་མི་རིགས་དང་རྒྱལ་ཁབ་སླར་གསོའི་ཆེད་དུ་ངོ་རྒོལ་བྱེད་མི་སྲིད་པ་ཞིག་རེད།

གནད་དོན་དེ་ཐག་གཅོད་བྱེད་པར་རྒྱ་ནག་ནང་མི་རིགས་དབྱེ་འབྱེད་དང། མི་རིགས་འདྲ་མཉམ་མ་ཡིན་པའི་གནད་དོན་དེ་ཚོ་ཐག་གཅོད་བྱེད་དགོས་པ་ལས། ངོ་རྒོལ་བྱེད་མཁན་རྣམས་དམར་གསོད་པ་བཏང་བ་ཙམ་གྱིས་དོན་རྐྱེན་དེ་གཙང་སེལ་བྱེད་མི་ཐུབ་པ་འཛམ་བུའི་གླིང་གི་ལོ་རྒྱུས་གང་ལ་བལྟས་ཀྱང་གསལ་པོ་རེད། ད་ལྟའི་ཆར་རྒྱ་གཞུང་གིས་ཁེངས་སེམས་ཀྱི་ཐོག་ནས་འཛམ་གླིང་རྒྱལ་ཁབ་ཚང་མའི་མདུན་གྲས་སུ་འགྲོ་མཁན་ཡིན་པ་མ་ཟད། མ་འོངས་པར་འཛམ་གླིང་རྒྱལ་ཁབ་ཚང་མའི་རུ་འདྲེན་པ་བྱ་རྒྱུའི་སྟོང་བསམ་ཡང་བཅང་གི་ཡོད་པ་རེད། དོན་དངོས་སུ་ད་ལྟ་རྒྱ་གཞུང་གི་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཚང་མ་རྒྱ་མི་རིགས་དང་མཉམ་གཅིག་ཏུ་འདོད་པ་ཁེངས་ངེས་ཤིག་གི་ཐོག་ནས་འཁྲིད་རྒྱུའི་ནུས་པ་མེད་པར། རྒྱ་གཞུང་གིས་འཛམ་གླིང་རྒྱལ་ཁབ་ཀུན་གྱི་རུ་འདྲེན་པ་བྱ་རྒྱུའི་རྨི་ལམ་དེ་ནི་དུས་ནམ་ཡང་མངོན་འགྱུར་ཡོང་མི་སྲིད་པ་ཞིག་རེད།

རྒྱ་དམར་དྲག་གཞུང་གི་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་རྣམས་རྒྱ་མི་རིགས་དང་བསྡུར་ན་གྲངས་ཀ་ཧ་ཅང་ཉུང་ཡང། གྲངས་ཉུང་མི་རིགས་ཕལ་མོ་ཆེར་རང་རྐང་ཚུགས་པའི་རིག་གནས་དང་གོམས་གཤིས། རང་མི་རིགས་ཀྱི་འདུ་ཤེས་བརྟན་པོ་ཡོད་པས་དུས་ནམ་ཞིག་རྒྱ་དམར་གཞུང་དང་ཁ་བྲལ་འགྲོ་རྒྱུ་ཡིན་པ་ནི་སྔ་ཕྱི་ཙམ་མ་གཏོགས་ཐག་བཅད་ནས་བཤད་ཆོག་པ་ཞིག་རེད། རྒྱ་དམར་དྲག་གཞུང་གིས་གནས་སྐབས་རིང་མེ་མདའ་དང་དྲག་གནོན་ཁོ་ནས་གྲངས་ཉུང་མི་རིགས་རྣམས་སྟངས་འཛིན་བྱས་ཡོད་ཀྱང། གྲངས་ཉུང་མི་རིགས་ཚོའི་སེམས་གཏིང་ནས་དགའ་ཞེན་དེ་རྒྱ་དམར་གཞུང་དང་རྒྱ་མི་རིགས་ཀྱི་མཉམ་དུ་གཏན་ནས་སླེབས་མེད་ལ། སྔ་ཕྱིའི་བྱེད་སྟངས་གང་ལ་བལྟས་ཀྱང་རྒྱ་གཞུང་ལ་དེ་ལྟ་བུ་བྱེད་ཐུབ་པའི་ནུས་པ་ཞིག་ཀྱང་གཏན་ནས་མེད། དམ་དྲག་དང་མནར་གཅོད་ཀྱི་བྱེད་སྟངས་དེ་དག་གྲངས་ཉུང་མི་རིགས་ཚོས་རང་མི་རིགས་ཀྱི་སྐད་ཡིག་དང། རང་མི་རིགས་ཀྱི་རིག་གཞུང་རྒྱུད་འཛིན་གྱི་ཐད་ལ་འབད་བརྩོན་གང་ཐུབ་གང་ནུས་ཀྱིས་བྱེད་པའི་སྐུལ་འདེད་དང། རྒྱ་དམར་གཞུང་ལ་མི་དགའ་བའི་འཁོན་འཛིན་ཤུགས་ཆེ་རུ་འགྲོ་བའི་རྒྱུ་རྐྱེན་ཁོ་ན་ལས། གྲངས་ཉུང་མི་རིགས་རྣམས་ཀྱི་བློ་ཁ་རྒྱ་གཞུང་གི་ཕྱོགས་སུ་བསྒྱུར་རྒྱུར་ཤུགས་རྐྱེན་གང་ཡང་ཐེབས་མེད།

རྒྱ་དམར་གཞུང་གི་དཔོན་རིགས་ཕལ་མོའི་ཆེའི་སེམས་ལ་གྲངས་ཉུང་མི་རིགས་རྣམས་གསོད་ཆོག་ཆོག་ཅིག་ཏུ་བརྩིས་ཡོད་ཀྱང། རྒྱ་མི་རིགས་ལ་དེ་ལྟ་བུའི་དྲག་གནོན་བྱེད་རྒྱུ་ནི་ཧ་ཅང་དཀོན་པོ་རེད། ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་གྱི་སྐབས་སུ་དྲག་གནོན་ཤུགས་ཆེ་བྱས་ཡོད་ཀྱང། དེ་ནི་མི་ལོ་ཉེར་ལྔ་མ་ཟིན་ཙམ་གྱི་ཡར་སྔོན་ཡིན། ད་ལྟའི་ཆར་ཡང་རྒྱ་ནག་གི་ས་ཕྱོགས་མང་པོ་ཞིག་ལ་ས་ཆ་ཤོར་མཁན་དང། ལས་ཀ་ཤོར་མཁན་སོགས་ཀྱིས་དུས་རྒྱུན་གཞུང་ལ་ངོ་རྒོལ་གྱི་རྣམ་པ་མཐོང་རྒྱུ་ཡོད་ཀྱང། དེ་དག་གི་ཐོག་ལ་གྲངས་ཉུང་མི་རིགས་ཚོ་ནང་བཞིན་དྲག་གནོན་གཏན་ནས་བྱེད་ཀྱི་མེད། མདོར་ན་མི་རིགས་དབྱེ་འབྱེད་དང། རིག་གནས་བཙན་བསྒྱུར། ཁོར་ཡུག་གཏོར་བཤིག་སོགས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱེད་བཞིན་པ་རྒྱུན་ལྡན་ལྟ་བུ་ཡིན་ལ། ད་ལན་ཤར་ཏུར་ཀི་སི་ཐན་དུ་དམར་གསོད་ཀྱི་དོན་རྐྱེན་ཡང་དེའི་ཆ་ཤས་ཤིག་ཏུ་གྱུར་ཡོད།།

Share this:
༡༣༦ ཀློག་གྲངས།