ཚོགས་པ་དེའི་ནང་ནས་དགོངས་པ་ཞུས་ཡིན།

(༢༠༡༣ལོའི་ཟླ་༡༢ཚེས་༢༠ ཉིན་ཨོ་སི་ཁྲུ་ལི་ཡར་གནས་སྡོད་གསར་འགོད་པའི་མགོན་པོ་བསོད་ནམས་ལ་བཅར་འདྲི་བྱས་ཏེ་བཀོད་པ་དེའི་ནང་ནོར་འཁྲུལ་ཁག་ཅིག་ཤོར་ཡོད་ནས། བསྐྱར་བཅོས་བྱེད་དགོས་བྱུང་བར་བརྟེན། བཅར་འདྲི་འདི་ལ་ཚད་འཛིན་བྱེད་དགོས།)

mmexport136294_1751411ཉེ་ཆར་ཨོ་གླིང་སི་ཌི་ནེས་གྲོང་ཆེར་བྱང་ཕྱོགས་མཚོ་ངོགས་སུ་གནས་སྡོད་པ་དཔལ་འབྱོར་ཚེ་རིང་གིས། ཨོ་སུ་ཁྲི་ལི་ཡའི་བོད་རིགས་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས། ཞེས་པ་ཞིག་བཙུགས་པའི་དབུ་འབྱེད་མཛད་སྒོར་བོད་མི་ཁག་ཅིག་ཞུགས་ཡོིད་འདུག ཚོགས་པ་དེའི་དྲུང་ཆེའི་མིང་གནས་ནས་རྩ་དགོངས་ཞུ་མཁན་མགོན་པོ་བསོད་ནམས་ལ་དགོངས་ཞུ་དགོས་དོན་སྐོར་བཅར་འདྲི་བྱས་པ་ཡིན།

གསར་འགོད་པས། དང་པོ་ཁྱེད་དང་ཚོགས་པ་དེའི་བར་གྱི་འབྲེལ་བ་ཅི་ཡིན་སྐོར་ལ་གསལ་བཤད་ཅིག་གནང་རོགས་ཞེས་དྲིས་པར།

མགོན་པོ་བསོད་ནམས་ཀྱིས། “དང་ཐོག་ད་ལྟ་དཔལ་འབྱོར་ཚེ་རིང་ལགས་ཀྱིས་བཙུགས་པའི་ཚོགས་པ་དེའི་ནང་དུ་ང་ལ་ལས་ཀ་ཞིག་བྱེད་མིན་སྐོར་ལ་སྐད་ཆ་བྱུང་།  དེ་ལས་ལྷག་པའི་ཁྲིམས་ཐོག་ནས་མིང་རྟགས་བཀོད་བཞག་པ་དེ་འདྲ་གང་ཡང་ཡོད་པ་མ་རེད། དེ་འདྲ་ཡིན་དུས་ངས་འགྲིག་གི་རེད། ཡིན་ནའང་། ང་ལ་ཚོགས་པ་དེའི་སྒྲིག་གཞི་དང་དམིགས་ཡུལ། ཁྲིམས་མཐུན་ཡིག་ཆ་བཅས་སྟོན་དགོས་ཡོད་ཅེས་ཞུས་པ་ལྟར་བསྟན་བྱུང་། ཡང་ཉིན་ཞིག་དཔལ་འབྱོར་ཚེ་རིང་ལགས་ཀྱིས་ཁ་པར་བརྒྱུད་དེ་ང་ལ་དྲུང་ཆེ་བྱས་ན་འགྲིག་གམ་ཞེས་དྲིས་བྱུང་བར་འགྲིག་གི་རེད་ཅེས་ལན་བཏབ་པ་ཡིན། དེའི་རྗེས་ཟླ་༡༡ ཚེས་༢༤ ལ་ཚོགས་པ་དེའི་དབུ་འབྱེད་མཛད་སྒོ་སྤེལ་བ་རེད། དེ་དུས་ཡིག་ཆ་ཞིག་བཀྲམ་སོང་བ་དེའི་ནང་དུ་ངའི་མིང་འདུག དེ་ནས་རིམ་པ་ལྟར་ཚོགས་པ་དེ་རྒྱ་གཞུང་དང་འབྲེལ་བ་ཡོད་པར་དོགས་པ་ཟ་དགོས་པའི་སྐོར་གྱི་སྐད་ཆ་ཞིག་ཐོན་བྱུང་། དེ་ག་རང་ལ་སྐད་ཆ་དེ་དག་ཐོན་ཡུལ་གྱི་འབྲེལ་ཡོད་མི་སྣ་ལ་འདྲི་བརྩད་ཀྱིས་བརྟག་དཔྱད་རྒྱུས་ལོན་གང་ཡོང་བྱས་པ་ཡིན། ཚོགས་པ་དེ་དོགས་པ་ཟ་དགོས་པའི་གནས་ཚུལ་འགའ་ཐོན་པ་བཞིན་དཔལ་འབྱོར་ཚེ་རིང་ལགས་ལ་དེ་ལུགས་འགྲེལ་བཤད་དང་བཅས་ཚོགས་པ་དེར་ཞུགས་རྒྱུ་མིོན་པའི་རྩ་དགོངས་ཡིག་ངག་གཉིས་ཐོག་ནས་ཕུལ་ཟིན་པ་ཡིན། དེ་བཞིན་དགོངས་པ་ཞུས་པ་གཞིར་བཞག་གིས་འབྲེལ་ཡོད་ལས་ཁང་ཁག་ཅིག་དང་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་བརྒྱུད་ནས་དེ་བཞིན་གསར་འགོད་གསར་བསྒྲགས་ཤིག་ཡིག་ངག་གཉིས་ཐོག་ནས་སྤེལ་བ་ཡིན།”ཞེས་འགྲེལ་བརྗོད་གནང་སོང་།

ཚོགས་པ་དེའི་དབུ་འབྱེད་མཛད་སྒོར་ཁྱོན་སྡོམ་མི་ག་ཚོད་ཅིག་སླེབས་ཡོད་མེད་དང་དེ་བཞིན་བོད་མི་དང་རྒྱ་མི་གཉིས་ཇི་ཙམ་མཉམ་ཞུགས་བྱས་ཡོད་པ་རེད་དམ་ཞེས་དྲིས་པར།

ཁོ་གིས། “བོད་པ་ཉི་ཤུ་ཙམ་ཨེ་ཡོད་རྒྱ་རིགས་ཀྱང་སུམ་ཅུ་བཞི་བཅུ་མེད་འགྲོ་ངའི་ངོ་ཤེས་འགའ་རེ་འདུག་དེ་བཞིན་ངོ་མི་ཤེས་པ་འགའ་ཡང་འདུག དེ་མིན་དམིགས་བསལ་གྱིས་ངས་མི་དེ་དག་གང་ཡིན་མིན་སྐོར་གང་ཡང་བཤད་རྒྱུ་མིན་པར་མི་རང་རང་གི་ངོས་ནས་གསལ་ཁ་དོད་ཡོང་གི་རེད་བསམ་གྱི་འདུག”ཅེས་གསུངས་སོང་།

ཁྱེད་རང་གིས་བསམ་ན་ཚོགས་པ་དེའི་དམིགས་ཡུལ་བཞིན་ལམ་ལྷོང་ཡོང་གི་རེད་དམ་མ་རེད་བསམ་གྱི་འདུག་ཅེས་དྲིས་པར།

ཁོང་གིས། “ཚོགས་པ་དེ་བོད་པའི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་ན་བོད་པའི་མངོན་འདོད་དང་མཐུན་པ་ཞིག་ཡིན་དགོས་ཀྱི་རེད་བསམས་ཀྱི་འདུག གལ་སྲིད་དེ་འདྲ་མིན་པར་འགྱུར་ཚེ་ལམ་ལྷོང་མེད་པ་འདྲ་བོ་ཆགས་ཡོང་གི་རེད་སྙམ། ཉེ་ཆར་ཚོགས་པ་དེ་དབུ་འབྱེད་མཛད་སྒོར་འགྲོ་མཁན་ཚོ་ནི་མཛད་སྒོའི་སྐུ་མགྲོན་དུ་སྐད་བཏང་བ་ཙམ་ཡིན་པ་ལས་ཚོགས་མི་ཡིན་རྒྱུ་མ་རེད་བསམས་ཀྱི་འདུག”ཅེས་གསུངས་སོང་།

ཁྱེད་རང་གིས་བསམ་ཚུལ་ལྟར་ན་ཚོགས་པ་དེས་བོད་ཕྱི་ནང་གཉིས་དང་ལྷག་པར་འདི་གའི་བོད་མིའི་སྤྱི་ཚོགས་ནང་ཕན་གནོད་གང་འདྲ་ཞིག་ཡོང་གི་རེད་བསམས་ཀྱི་འདུག་ཅེས་དྲིས་པར།

ཁོང་གིས། “མ་འོངས་པར་ཚོགས་པ་དེ་གང་འདྲ་ཞིག་ཡོང་མིན་དུས་ཚོད་དང་དངོས་དོན་ལོ་རྒྱུས་ཀྱིས་ཐག་གཅོད་བྱེད་རྒྱུ་ཞིག་རེད་མ་གཏོགས་ད་ལྟ་ང་ལ་དེའི་ཐད་ནས་གང་ཡང་བཤད་རྒྱུ་མེད་ཅེས་ཟེར། མཐའ་མའི་དྲི་བར་ཁྱེད་རང་གིས་གསར་ལམ་ཁག་ཅིག་ཏུ་གསར་འགོད་གསལ་བསྒྲགས་ཀྱི་ཡི་གེ་ཞིག་བཏང་བ་དང་དེ་བཞིན་སྐུ་སྒེར་ཡིག་ཚང་སོགས་སུའང་གནས་སྟངས་གསལ་བཤད་དང་འབྲེལ་བའི་སྐོར་དྲིས་པར། ང་རང་གིས་ངོས་ནས་དང་པོ་ནི་ཚོགས་པ་དེའི་དམིགས་ཡུལ་དང་སྒྲིག་ལམ་བཅས་མཐོང་སྐབས་ཡག་པོ་འདུག་སྙམ་པ་བྱུང་། ཡིན་ནའང་ས་གནས་དོན་གཅོད་ལས་ཁང་བརྒྱུད་དེ་གནས་ཚུལ་དངོས་ལ་བསམ་གཞིག་དང་རྒྱུས་ལོན་བྱས་བ་ལྟར་ན་དོགས་གཞི་ཅན་གྱི་གནས་སྟངས་ཤིག་ཆགས་འདུག དེ་འདྲ་ཡིན་དུས་ངས་དེའི་ནང་ལ་ལས་ཀ་བྱེད་ཐུབ་པ་མི་འདུག ཨེ་ཤའི་ཡ་རང་དབང་རླུང་འཕྲིན་ཁང་དང་དེ་རིང་འདི་གའི་བང་ཆེན་གསར་ལམ་དུ་དྲིས་ལན་བཏབ་སྟེ་བོད་པ་ཡོངས་ལ་རང་ངོས་ཀྱི་འབྲེལ་ཡོད་གནས་ཚུལ་གསལ་བཤད་ཞུས་པ་ཡིན།”ཞེས་གསུངས་སོང་།

ཨོ་སུ་ཁྲི་ལི་ཡའི་སི་ཌི་ནེས་གྲོང་ཁྱེར་བྱང་ཕྱོགས་མཚོ་ངོགས་བོད་རིགས་གཞིས་ཁུལ་གྱི་བོད་ཀྱི་བང་ཆེན་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས། ཕྱི་ལོ་ ༢༠༡༣ ཟླ་༡༢ ཚེས་༢༡ ལ།།

Share this:
༡༡༧ ཀློག་གྲངས།