ང་ཚོའི་འཐབ་རྩོད་དེ་དུས་ཡུན་ཐུང་ཐུང་ཞིག་མ་རེད།

དེ་རིང་ཞོགས་པར་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་རྩོམ་སྒྲིག་པ་དང་བརྒྱུད་ལམ་དང་འབྲེལ་བའི་ཚོགས་པའི་མི་སྣ་ཁག་ཅིག་གིས། བོད་མིའི་འཐབ་རྩོད་དང་གསར་འགྱུར་བརྒྱུད་ལམ་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་སོང་།

2013_12_20དེ་ཡང་ཟླ་འདིའི་ཕྱི་ཚེས་༢༠ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ པའི་སྟེང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག དྷ་ས་གངས་སྐྱིད་དུ་ཡོད་པའི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་འཐབ་རྩོད་དང་གསར་འགྱུར་བརྒྱུད་ལམ་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་སོང་ལ། ཚོགས་འདུའི་ཐོག་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གཙོས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་རྩོམ་སྒྲིག་པ་དང་། བརྒྱུད་ལམ་དང་འབྲེལ་བའི་ཚོགས་པ་ཁག་གི་མི་སྣ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་གི་ལས་བྱེད་སོགས་མི་གྲངས་༥༠ བརྒལ་བ་མཉམ་འཛོམས་བྱས་འདུག

ཚོགས་འདུའི་ཐོག་མར་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་གྱིས་བགྲོ་གླེང་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གྲུབ་མཚམས། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་བགྲོ་གླེང་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས། སྤྱིར་བཏང་ང་ཚོ་བོད་མིའི་འཐབ་རྩོད་ནི་དུས་ཡུན་ཐུང་ཐུང་ཞིག་གང་ཡང་མ་རེད། མི་གཅིག་གི་མི་ཚེའི་ལོ་ཚད་ཀྱི་བརྒྱ་ཆ་ནས་བཤད་ན་བརྒྱ་ཆ་མང་ཆེ་བ་ཞིག་འཐབ་རྩོད་ནང་ལྷུང་ཡོད། འབྱུང་འགྱུར་ང་ཚོ་བོད་མིའི་འཐབ་རྩོད་ཀྱི་གྲུབ་འབྲས་དུས་ཚོད་དེ་འདྲ་ཞིག་ལ་སོན་གྱི་རེད་ཅེས་བརྗོད་ཁག་པོ་རེད། གང་ཡིན་ཟེར་ན་དེ་དག་གི་རྒྱུ་རྐྱེན་ཡོངས་རྫོགས་ང་ཚོ་ཁོ་ནའི་ལག་པར་མེད། རྒྱ་ནག་དང་ལྷག་པར་རྒྱལ་སྤྱིའི་གནས་ཚུལ་སོགས་མང་པོ་ཞིག་ལ་བསྟུན་ནས་གོམ་པ་མདུན་སྤོ་བྱེད་དགོས་པ་ཆགས་ཡོད། ང་ཚོའི་བདེན་པའི་འཐབ་རྩོད་ཀྱི་ངོ་བོ་གང་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་རེད་ཅེས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་གསུམ་པའི་ནང་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་ཐབས་ཞེས་ང་ཚོའི་སྒྲིག་འཛུགས་ཀྱི་བྱེད་སྒོ་གལ་ཆེ་བའི་དམ་བཅའ་འདི་གཉིས་རེད། འོན་ཀྱང་ང་ཚོའི་བོད་དོན་བདེན་མཐའ་གསལ་ཐབས་ཞེས་པའི་ངོ་བོ་འགྲེལ་བཤད་རྒྱག་དགོས་ཀྱི་ཡོད། ད་ལྟའི་ཆར་ང་ཚོས་འགྲེལ་བཤད་རྒྱག་རྒྱུར་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྒོ་ནས་བོད་དོན་ལ་འགན་ཁུར་དང་། དེ་ཡང་འཚེ་མེད་ཞི་བའི་ཐབས་ལམ་ཉག་གཅིག་གི་ཐོག་ནས་འགྲོ་དགོས་རྒྱུ་ནི་ང་ཚོའི་རྩ་བའི་དམ་བཅའ་ལྟ་བུ་རེད་ཅེས་སོགས་གསུངས་སོང་།

དེ་བཞིན་ཁོང་གིས་བོད་མི་ཚང་མས་བོད་དོན་འཐབ་རྩོད་ལ་འགན་ཁུར་དགོས་སྐོར་དང་། ལྷག་པར་དུ་བོད་ཀྱི་གསར་དགོད་པ་ཚོས་རྩ་དོན་ལ་འགན་ཁུར་ཏེ་བོད་ཀྱི་གནས་ཚུལ་དེ་དག་ནོར་བ་མེད་པར་བརྒྱུད་འགོད་བྱེད་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།

བགྲོ་གླེང་དངོས་གཞིའི་སྐབས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་དང་། བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་འགན་འཛིན་ལྷག་པ་སྐྱིད་འཛོམས། དེ་བཞིན་བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་དང་། བོད་ཀྱི་བང་ཆེན་གསར་ཁང་གི་རྩོམ་སྒྲིག་པ། ནོར་ཝེ་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པ་སོགས་ཀྱིས་བརྗོད་གཞི་དང་འབྲེལ་བའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད།

Share this:
༩༣ ཀློག་གྲངས།